ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྐབས་བཅུ་གཉིས་པའི་བཀའ་རམས་པ་རྣམ་པར་མཚན་རྟགས་བསྩལ་གནང་དང་ཁྲི་གསོལ་མཛད་སྒོ།

«གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་ནས་དངོས་སུ་དགེ་བའི་བཤེས་གཉེན་ཆེན་མོའི་གྲངས་བརྒྱ་ཕྲག་གཅིག་ཟིན་པར་རྟེན་འབྲེལ་གྲངས་མེད་ཞུ།»

ཕྱི་ལོ་༢༠༢༣ ༣ ༨ཉིན་གྱི་སྔ་དྲོའི་ཕྱག་ཚོད་༩ཐོག་༧སྐྱབས་རྗེ་མཁན་སློབ་རྣམ་པ་དབུས་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་དང་། གཡུང་དྲུང་བོན་གྱི་སྤྱི་ཟུར་བ་ར་ཚེ་དབང་བཀྲ་ཤིས་ལགས། དེ་བཞིན་དགོན་སྡེ་ཁག་དང་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ་དང་སེར་སྐྱ་མི་མང་ཡོངས་གཙུག་ལག་ཁང་དུ་བཞུགས་གདན་འཁོད་རྗེས་བཀའ་རམས་པ་ཐུན་མོང་ནས་བཀྲ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས། དེ་རྗེས་བཀའ་རམས་པ་རྣམ་པ་བཀྲ་ཤིས་དམ་བཅའ་བཞུགས་ཤིང་དགེ་བའི་བཤེས་གཉེན་རྣམ་པ་དང་འཛིན་གྲྭ་གོང་མ་རྣམས་ནས་རིམ་པར་བཀྲ་ཤིས་ཀྱི་ཤིས་བརྗོད་སྣ་ཚོགས་བརྗོད་དེ་བཀྲ་ཤིས་གསོལ།

དེ་ནས་སྐྱབས་རྗེ་དཔོན་སློབ་རིན་པོ་ཆེས་བཀའ་རམས་པ་རྣམས་ལ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་བཏག་གི་ཚིག་བཤད་གྱེར་གནང་སྟེ་བཀའ་རམས་པ་གཡོ་ཤོད་དྲང་སྲོང་བདེ་ལེགས་ཚུལ་ཁྲིམས་རྒྱ་མཚོ། བཀའ་རམས་པ་བྲུ་དྲང་སྲོང་ཡེ་ཤེས་རབ་གསལ་རྣམ་དག བཀའ་རམས་པ་དབུར་ཁྱུང་དྲང་སྲོང་ཡེ་ཤེས་བདུད་རྩི་རྒྱ་མཚོ། བཀའ་རམས་པ་བྲུ་དྲང་སྲོང་ཚུལ་ཁྲིམས་འཇིགས་མེད་རྣམ་དག བཀའ་རམས་པ་འབེ་ཚ་དྲང་སྲོང་བསྟན་འཛིན་ལྷུན་འགྲུབ། བཀའ་རམས་པ་ཨ་ཤག་དྲང་སྲོང་ཁྲི་གཙུག་བསྟན་འཛིན་རྣམ་དག བཀའ་རམས་པ་བྲུ་དྲང་སྲོང་གཡུང་དྲུང་གཙུག་ཕུད་རྒྱལ་མཚན། བཀའ་རམས་པ་བྲུ་དྲང་སྲོང་ཚུལ་ཁྲིམས་རྣམ་གྲོལ་རྒྱལ་མཚན། བཀའ་རམས་པ་བབས་གཟི་དྲང་སྲོང་བློ་གྲོས་བསྟན་པ་རྣམ་དག བཀའ་རམས་པ་གེབ་ཆེན་དྲང་སྲོང་ཚུལ་ཁྲིམས་ཡེ་ཤེས་རྒྱ་མཚོ། བཀའ་རམས་པ་གླིང་ཚང་དྲང་སྲོང་ཡེ་ཤེས་ཐབས་མཁས་རབ་གསལ། བཀའ་རམས་པ་རྒྱུན་འཕྲུག་དྲང་སྲོང་ཡོན་ཏན་རྒྱ་མཚོ། བཀའ་རམས་པ་འགོ་བ་དྲང་སྲོང་སྙིང་རྗེ་འཕྲིན་ལས་མཐར་ཕྱིན། བཀའ་རམས་པ་ཧོར་ཚང་དྲང་སྲོང་ཚོགས་གཉིས་དགེ་ལེགས་རྒྱ་མཚོ། བཀའ་རམས་པ་མེ་ཉག་དྲང་སྲོང་ཚུལ་ཁྲིམས་ཡོན་ཏན་དཔལ་བཟང་། བཀའ་རམས་པ་ཀ་ཤུལ་དྲང་སྲོང་མཁྱེན་རབ་རྣམ་དག་རྒྱ་མཚོ་བཅས་བཀའ་རམས་པ་རྣམ་པ་བཅུ་དྲུག་ལ་དངོས་སུ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བསྩལ་གནང་རྗེས་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་བསྔོ་བ་གསུངས་གནང་བ་དང་། དེ་མཚམས་སུ་བཀའ་རམས་པ་རྣམས་ནས་མཆོད་ཚིག་གསུངས་ཏེ་ཕྱག་ཚོད་༡༡ཙམ་གྱི་ཐོག་ཞོགས་པའི་མཛད་རིམ་རྣམས་གྲུབ།

ཉིན་གུང་ཕྱག་ཚོད་༡༢ཐོག་སེར་སྐྱ་མི་མང་ཡོངས་ལ་བཀའ་རམས་པ་ཐུན་མོང་གི་གཏོང་སྒོ་ཆེན་མོ་དང་། ཕྱག་ཚོད་༡། ༤༠ཐོག་གསས་མཁར་མཆོག་ལྔའི་གསས་ཁང་དུ་སྐྱབས་རྗེ་མཁན་སློབ་རྣམ་པ་ལྷན་བཞུགས་ཐོག་བཀའ་རམས་པ་ལྷན་རྒྱས་ལ་དམིགས་བསལ་གསང་གསུམ་བོན་གྱི་མཛོད་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་མཇལ་ཁ་གནང་ཞིང་རིན་པོ་ཆེ་མཆོག་ནས་བཀའ་རམས་པ་རྣམ་པར་དམིགས་བསལ་བཀའ་སློབ་བཀའ་དྲིན་ཟབ་རྒྱས་བསྩལ་གནང་མཛད།

ཕྱག་ཚོད་༡-༣༠ཐོག་དམིགས་བསལ་སྐུ་མགྲོན་རྣམ་པ་གཙོས་སེར་སྐྱ་མི་མང་ཡོངས་གཙུག་ལག་ཁང་དུ་འཛོམས་ཏེ་སྐྱབས་རྗེ་མཁན་ཆེན་མཆོག་ནས་བཀའ་རམས་པ་རྣམ་པར་ཕྱག་འཁྱེར་བསྩལ་བ་དང་། རིམ་པར་མཁན་སློབ་རྣམ་པ་དང་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་ཆོས་རིག་སྐུ་ཚབ་ནས་རིམ་བཞིན་རྟེན་འབྲེལ་ལེགས་མཚོན་གྱི་འགུལ་དར་གསོལ་བསྩལ་གནང་རྗེས་བཀའ་རམས་པ་རྣམ་པ་ནས་བཀྲ་ཤིས་ཚིགས་བཀྲ་གསུངས། དེ་རྗེས་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་དམིགས་བསལ་གྱི་བཀའ་སློབ་བསྩལ་བ་དང་སྐུ་མགྲོན་གཙོ་བོ་ཆོས་རིག་སྐུ་ཚབ་ནས་བཀའ་སློབ་གནང་།

དེ་རྗེས་འཆད་རར་༧སྐྱབས་རྗེ་མཁན་ཆེན་མཆོག་ནས་སེར་སྐྱ་མི་མང་ཡོངས་ལ་ཁྲུས་གསོལ་དང་སྐུ་གླུད་བཀར་ཞིང་འདུལ་ཆོག་ལྟར་བསྐོར་བའི་ཡན་ལག་གསུངས་ཏེ་གཙུག་ལག་ཁང་ལ་ཞབས་སྐོར་ཕེབས་པ་དང་། དེ་རྗེས་སྒོ་འཆོར་དུ་འདུལ་ཆོག་སྨོན་ལམ་གསུངས་རྗེས་༧སྐྱབས་རྗེ་མཁན་ཆེན་མཆོག་གིས་”བཀའ་རབ་འབྱམས་པ་རྣམ་པ་སྐལ་པ་བཟང་”ཞེས་གསུངས་པར་སེར་སྐྱ་མི་མང་ཡོངས་ནས་ལན་ཟློས་སུ་”སྐལ་པ་བཟང་ཞེས་”དེ་ལྟར་ཐེངས་གསུམ་གསུངས་གནང་རྗེས་དུང་རྒྱ་སྤོས་སྣེས་སྐྱབས་རྗེ་མཁན་སློབ་རྣམ་པ་ཕེབས་བསུའི་རྗེས་ནས་སེར་སྐྱ་ཡོངས་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་རྣམ་པ་སྐལ་པ་བཟང་ཞེས་འབོད་སྒྲ་འབྲུག་སྟོང་ལྡིར་བ་ལྟར་གནང་བཞིན་དགེ་བཤེས་རྣམ་པ་རིམ་པར་གདན་དྲངས་ཏེ་མཚན་ཉིད་པའི་ཚོགས་ཁང་དུ་དགེ་བའི་བཤེས་གཉེན་རྣམ་པ་བཞུགས་ཁྲིར་འཁོད་རྗེས་སེར་སྐྱ་མི་མང་ཡོངས་ནས་སྐལ་བཟང་གི་འབོད་སྒྲ་དང་ལྷན་ཕན་ཐོག་ཕུལ། མཐར་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་སྐབས་བཅུ་གཉིས་པའི་དགེ་བའི་བཤེས་གཉེན་རྣམ་པ་མ་འོངས་པར་བསྟན་དང་འགྲོ་བའི་དོན་གྱི་འཕྲིན་ལས་རབ་ཏུ་རྒྱས་ཤིང་ཐུགས་ཀྱི་བཞེད་དོན་ཐམས་ཅད་བོན་བཞིན་འགྲུབ་པའི་སྨོན་འདུན་དང་བཅས་སྐབས་བཅུ་གཉིས་པའི་དགེ་བཤེས་མཛད་སྒོ་དེ་ཉིད་རྒྱལ་ཁའི་ངང་མཇུག་ལེགས་པར་གྲུབ་པའི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༣ ༣ ༨ ཉིན་སྤེལ།། །།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 645 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
སྔོན་འགྲོའ…
error: རྩོམ་འདི་བདག་དབང་ཅན་ཡིན།