ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྒོམ་གྲྭ་ཐེངས་གསུམ་པ་ལོ་རིམ་དང་པོའི་བཅས་མཚམས་ལེགས་གྲུབ་ཟིན་པའི་གནས་བསྡུས།

གཤེན་བསྟན་དར་རྒྱས་གླིང་གི་སྒོམ་གྲྭ་ཐེངས་གསུམ་པ་ལོ་རིམ་དང་པོའི་བཅས་མཚམས་ལེགས་གྲུབ་ཟིན་པའི་གནས་བསྡུས།

གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་ཀྱི་བཀའ་དྲིན་བླ་ན་མེད་པའི་འོག་ནུབ་གླིང་བོན་བསྟན་རྗེས་འབྲངས་པ་རྣམས་ཀྱི་ཆེད་དུ་དཔལ་གཤེན་བསྟན་དར་རྒྱས་གླིང་དུ་དུས་བསྟུན་སྒོམ་སྒྲུབ་ཀྱི་སྡེ་བཙུགས་ཏེ། སྔ་ཕྱིར་རྫོགས་པ་ཆེན་པོ་ཨ་ཁྲིད་ཀྱི་བཅའ་གཞི་དང་། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བཅའ་གཞི་གཉིས་ལ་བརྟེན་ནས་ཁྲིད་དང་། བསགས་སྦྱོང་། ཉམས་ལེན་བཅས་ཟུང་དུ་སྦྲེལ་ནས་སྔོན་འགྲོའི་རིམ་པ་རྣམས་བསྟར་ཆགས་སུ་བསྒྲུབས་རྗེས་དངོས་གཞི་མཚན་བཅས་སེམས་འཛིན་གྱི་རིམ་པ་དང་། མཚན་མེད་མཉམ་བཞག་གི་དོན་ལ་བསླབ་སྟེ། གཞི་ཁྲེག་ཆོད་ཀྱི་ལྟ་བ་དང་། ལམ་འོད་གསལ་གྱི་སྣང་བའི་འཕེལ་རིམ། རྩ་རླུང་གཏུམ་མོའི་དམིགས་རྣམ་དང་། འཁྲུལ་འཁོར་ལག་ལེན་གྱི་གེགས་སེལ། སྦྱིན་བཞིའི་མཆོད་སྦྱིན་དང་། གཏང་རག་ཚོགས་མཆོད་བཅས་སྔོན་དངོས་རྗེས་གསུམ་གྱི་སྒོ་ནས་ཐོས་བསམ་སྒོམ་སྒྲུབ་ལ་འཇུག་པའི་བླ་མེད་རྫོགས་པ་ཆེན་པོའི་སྒྲུབ་སྡེ་སྔ་ཕྱིར་ཐེངས་གཉིས་དང་། ཐེངས་རེར་ལོ་བཞི་རེ། ལོ་རེའི་ནང་ཞག་གྲངས་ཀྱི་བཅས་མཚམས་བཟུང་ཞིང་བསྐྱངས་པ་རྣམས་ལེགས་གྲུབ་བྱུང་ཞིང་། ཉམས་ལེན་པ་རྣམས་ལ་དགེ་ཕན་ཆེན་པོ་ཐོབ་ཡོད། 

 འདི་ལོར་སླར་སྒོམ་གྲྭ་ཐེངས་གསུམ་པ་དབུ་འཛུགས་ཞུས། དེ་ཡང་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱིས་ཁྲིད་རིམ་གྱི་བཅའ་གཞི་གཏན་འབེབས་གནང་བ་ལྟར་བླ་མེད་རྫོགས་ཆེན་སྡེ་བཞིའི་ནང་ཚན་རྫོགས་པ་ཆེན་པོ་བསྒྲགས་པ་སྐོར་གསུམ་དང་། རྫོགས་པ་ཆེན་པོ་ཡོངས་རྩེ་ཀློང་ཆེན་གཉིས་ཀྱི་སྒོ་ནས་འཆད་ཉན་སྒོམ་སྒྲུབ་ཀྱི་སྲོལ་བཟུང་ཞིང་། གཤེན་བསྟན་དར་རྒྱས་གླིང་གི་མཁན་རིན་པོ་ཆེ་དགེ་བཤེས་དགེ་ལེགས་སྦྱིན་པ་མཆོག་གིས་གཙོ་འགན་བཞེས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༠༩ ཚེས་ ༠༥ ཉིན་དངོས་སུ་སློབ་ཁྲིད་དབུ་བཙུགས། ཁོང་གིས་སྒོམ་གྲྭའི་བཅའ་གཞིའི་རེའུ་མིག་བཞིན་བསྟར་ཆགས་སུ་སློབ་ཁྲིད་དང་། ཉམས་ལེན་སྦྲགས་མའི་སྒོ་ནས་སྒྲུབ་ཞག་ཉིན་གྲངས་བདུན་ཅུ་ཐམ་པའི་རིང་སྒོམ་སྡེ་སྔགས་འཆང་མི་གྲངས་ ༣༢ ཙམ་ལ་ལམ་སྟོན་གནང་། དམིགས་བསལ་ཟླ་བ་བྱུང་ངོ་ཅོག་གི་བཅོ་ལྔའི་དུས་ཚིགས་རྣམས་སུ་གཤེན་བསྟན་དར་རྒྱས་གླིང་གི་བླ་གྲྭ་ཐུན་མོང་དང་། སྒྲུབ་སྡེའི་དགེ་སློབ་རྣམས་ཀྱིས་བླ་མ་ལི་ཤུ་སྟག་རིང་དང་། བསྟན་པ་འདིའི་སྒེར་སྲུང་བྱ་ར་མ་གསུམ་ལ་ཚོགས་མཆོད་ཕུལ། དེར་མཚུངས་དད་སྦྱིན་རྣམས་ཀྱི་དགོས་འདུན་བཞིན་སྐབས་མཚམས་སུ་བླ་གྲྭ་རྣམས་ཀྱིས་རྐྱེན་སེལ་རིམ་གྲོའི་ཆེད་བྱམས་མ་དང་། བོན་སྐྱོང་སྲུང་མ་རྣམས་ལ་མཆོད་ཚོགས་རྒྱས་འབུལ་ཞུས་པ་བཅས་དང་། དེ་རིང་སྟེ་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༣ ཉིན་སྒྲུབ་སྡེའི་བཅད་མཚམས་གྲོལ་བ་དང་བསྟུན་མཁན་རིན་པོ་ཆེ་དགེ་བཤེས་དགེ་ལེགས་སྦྱིན་པ་དང་། དགེ་བཤེས་བསྟན་འཛིན་སྦྱིན་པ། ཡེ་ཤེས་གསལ་གླིང་གི་མཁན་པོ་གཤེན་གྱི་སྒྲུབ་ཐོན་རྣལ་འབྱོར་པ་བླ་མ་སངས་རྒྱས་སྨོན་ལམ། གདན་ས་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་བླ་མ་དགེ་བཤེས་བཤད་སྒྲུབ་རྒྱ་མཚོ། དགེ་བཤེས་ལུང་རིག་རྣམ་དག གྲྭ་བཙུན་རྣམ་རྒྱལ་ཚུལ་ཁྲིམས་གཙོས་སྒོམ་གྲྭར་བཞུགས་པའི་ཉམས་ལེན་པ་ཐུན་མོང་ནས་བླ་མ་ལི་ཤུ་སྟག་རིང་སྒྲུབ་ཐབས་ཀྱི་སྒོ་ནས་ཚོགས་མཆོད་གཏང་རག་རྒྱས་འབུལ་ཞུས། མཇུག་ཏུ་སྐབས་བབས་སྒྲུབ་སྡེའི་ལས་འཛིན་རྣམ་པས་ཐུགས་རྗེ་ཆེ་ཞུའི་ཞུ་འབུལ་དང་། སྐྱབས་རྗེ་མཁན་རིན་པོ་ཆེ་དགེ་བཤེས་དགེ་ལེགས་སྦྱིན་པ་མཆོག་ནས་ཉམས་ལེན་པ་རྣམས་ལ་ལམ་སྟོན་ཞལ་གདམས་དང་། ཤིས་སྨོན་གྱིས་བརྒྱན་ཏེ་ཁ་དགེ་བཀྲ་ཤིས་ངང་ནས་ཐེངས་གསུམ་པའི་རྫོགས་ཆེན་སྒྲུབ་སྡེ་ལོ་རིམ་དང་པོའི་བཅད་མཚམས་ལེགས་གྲུབ་ཟིན་པའི་གནས་བསྡུས་སུ།

མེ་ལོང་ཞེས་སུ་འབོད་པས་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༣ ཉིན་དགེ་བར་སྤེལ།

99401cookie-checkསྒོམ་གྲྭ་ཐེངས་གསུམ་པ་ལོ་རིམ་དང་པོའི་བཅས་མཚམས་ལེགས་གྲུབ་ཟིན་པའི་གནས་བསྡུས།
(སྤྱིའི་གཟིགས་གྲངས། 511 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གདན་ས་ཁྲི་…
error: རྩོམ་འདི་བདག་དབང་ཅན་ཡིན།