ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྒྲ་རྒྱན་ལས་འཕྲོས་པའི་དཔྱད་གླེང་། ༼སྟོད་ཆ།༽

<མེ་ལུགས་ཀྱི་སྒྲ་རྒྱན་དང་བོད་ཀྱི་སྲོལ་རྒྱུན་གྱི་སྒྲ་རྒྱན་གཉིས་བར་བསམ་གཞིག་ཕྲན་བུ་བྱས་པ།>

རྩོམ་པ་པོ། ཚུལ་ཁྲིམས་དྲི་མེད། ཁྲི་བརྟན་ནོར་བུ་རྩེའི་སློབ་གཉེར་བ།

༡སྒྲ་རྒྱན་གྱི་ངོ་བོའི་སྐོར་ཅུང་ཙམ་གླེང་བ།

   སྙན་ངག་གི་གཞུང་ལུགས་རྣམས་ལས།དོན་རྒྱན་དང་།སྒྲ་རྒྱན།གབ་ཚིག་གི་རྒྱན།སྐྱོན་སེལ་གྱི་རྒྱན་བཅས་ཕྱེས་ཡོད་པའི་ནང་གི་སྒྲ་རྒྱན་ཞེས་པ་འདི་ཡི་ངོ་བོ་ངོས་འཛིན་བྱེད་ཚུལ་ལ་སྙན་གཞུང་རྣམས་ལས་འགྲེལ་བཤད་རྒྱས་བསྡུས་འགའ་དང་ཚིག་གི་འགྲེལ་སྟངས་མི་འདྲ་བ་ཁ་ཤས་ཡོད་མོད་ཀྱང་།གཙོ་བོ་སྒྲ་ཡི་ཆ་ནས་མཛེས་ཉམས་འདྲ་མིན་སྟོན་པའི་སྙན་ངག་གི་རྒྱན་ཞིག་ལ་སྒྲ་རྒྱན་ཟེར་བ་ནི་གཅིག་མཐུན་དུ་སྣང་།དེ་ལ་སྒྲ་ཡི་གཟུགས་གཅིག་པ་རྐང་པའི་ཐོག་བར་མཐའ་སོགས་ལ་སྦྱར་བའི་ཟུང་ལྡན་གྱི་རྒྱན་དང་།དབྱངས་དང་གསལ་བྱེད་སོགས་གཅིག་ཏུ་ངེས་པར་བྱས་པའི་བྱ་དཀའ་བའི་རྒྱན་སོགས་སུ་སྙན་གཞུང་རྣམས་ལས་ཕྱེས་ཡོད་ལ།དེ་མིན་ཀ་ཕྲེང་ལ་སོགས་སྒྲ་རྒྱན་གྱི་མཚོན་ཐབས་དུ་མ་ཡོད།

   ནམ་རྒྱུན་སྒྲ་རྒྱན་ནི་ལས་སླ་པོའི་སྒོ་ནས་འབྲི་ཆོག་པའི་སྙན་ངག་ཞིག་ཏུ་ངོས་འཛིན་བྱེད་དེ་མཐོང་ཆུང་ལྟ་བུ་གྱུར་འདུག་སྟེ། གཞན་པའི་དོན་རྒྱན་སོ་ལྔའི་དཔེར་བརྗོད་རྣམས་ལ་མེ་ལོང་མ་གཞིར་བྱས་ཏེ་དེ་དག་རེ་རེའི་ངོ་བོ་དང་ཁྱད་པར་སོགས་རྣམ་བཤད་མང་ཞིང་དག་པ་མཛད་འདུག་ཀྱང་། སྒྲ་རྒྱན་གྱི་ཐུན་མོང་མ་ཡིན་པའི་ཉམས་འདོན་སྟངས་དང་སྒྲ་རྒྱན་གྱི་ཐུན་མོང་མ་ཡིན་པའི་ཁྱད་བོན་སྐོར་ལ་དཔྱད་བརྗོད་བྱས་པའི་རྩོམ་ཡིག་ཤིན་ཏུ་ཉུང་ཉུང་དུ་གྱུར་འདུག དོན་དངོས་ཐོག་སྒྲ་རྒྱན་ནི་ལས་སླ་པོའིི་སྒོ་ནས་འབྲི་ཆོག་པ་ཞིག་མིན་ཏེ། སྒྲ་རྒྱན་ནི་སྒྲ་ཡི་ཉམས་གཙོ་བོར་འདོན་ནས་མི་རྣམས་ཀྱི་ཡིད་དབང་འགུག་ཐབས་དང་སྙན་པོ་ཡོང་ཐབས་བྱ་དགོས་ཕྱིར། སྒྲ་གཅིག་པ་ཡང་ཡང་སྐོར་བ་དང་ཚིག་རྐང་སྒྲིག་པ་ཙམ་གྱིས་སྒྲ་རྒྱན་ཡང་དག་ཅིག་ཡོང་མི་ཐུབ་ཅིང་། ཡི་གེའི་དབྱངས་གཅིག་པ་དང་གསལ་བྱེད་གཅིག་པ་མཉམ་དུ་སྒྲིག་པ་ཙམ་གྱིས་སྒྲ་རྒྱན་གྱི་མཚན་གཞིར་འགྱུར་བའི་ངེས་པ་ག་ལ་ཡོད། དེས་ན་སྒྲ་རྒྱན་གྱི་ལམ་ནས་སྙན་ངག་ཡང་དག་ཅིག་འབྲི་དགོས་ན་ཚིག་རྡོ་ཆག་བཙན་སྒྲིག་ཏུ་མ་སོང་བར་ཀློག་པའི་ཚེ་ངག་ལ་བདེ་ཞིང་ཚིག་སྦྱོར་འབྲེལ་ཆགས་པ་དང་། བརྗོད་བྱ་ཡང་བཙན་འགྲེལ་བྱ་དགོས་པ་ལྟ་བུ་མ་ཡིན་པར་གོ་སླ་བ་དང་། བརྗོད་བྱེད་ཀྱི་ཚིག་དེ་དག་གང་བརྗོད་པར་བྱ་བའི་དོན་དེ་ཉིད་དང་འོས་ཤིང་འཚམ་པ་སོགས་ཀྱི་ཁྱད་བོན་དུ་མ་ཞིག་ཚང་དགོས་པར་སྙམ། མདོར་བསྡུས་ན་སྒྲ་རྒྱན་ནི་སྒྲ་ཡི་ཉམས་གཙོ་བོར་འདོན་དགོས་པའི་ཐོག ཀློག་པ་པོ་རྣམས་ལ་དགའ་སྐྱོ་ཆགས་སྡང་གི་ཚོར་བ་འབྱིན་ནུས་པ་སོགས་ཀྱི་སྙན་ངག་ལ་དགོས་པའི་ཡོན་ཏན་དེ་དག་ལས་ལོགས་སུ་འདས་མ་སོང་པ་ཞིག་དགོས་སོ།།

མེ་ལུགས་ཀྱི་སྒྲ་རྒྱན་སྐོར་གླེང་བ།

   དེ་ཡང་སྙན་ངག་མེ་ལོང་མའི་གཞུང་ལུགས་ཉག་གཅིག་ལ་བརྟེན་ནས་མེ་ལོང་མའི་ཚིག་འགྲོས་ཇི་ལྟ་བ་བཞིན་དུ་བརྩམས་པའི་སྒྲ་རྒྱན་དག་ལ་ངས་མེ་ལུགས་ཀྱི་སྒྲ་རྒྱན་ཟེར་བཞིན་ཡོད་ཅིང་། དེ་ནི་སྙན་ངག་མེ་ལོང་མ་བོད་དུ་དར་བ་ནས་བཟུང་དེ་ལ་བརྟེན་ཏེ་ད་ལྟའི་བར་རང་རེའི་མཁས་པ་ཚོས་སྙན་ངག་གི་བསྟན་བཅོས་ཇི་སྙེད་ཅིག་བརྩམས་ཡོད་པའི་ནང་གི་སྒྲ་རྒྱན་ཕལ་ཆེར་འདི་ཡི་ཁོངས་སུ་འཇོག་ཆོག་པ་ཡིན། རྒྱུ་མཚན་ནི་བོད་ཀྱི་གནའ་བོའི་གཞུང་ལུགས་དང་དམང་ཁྲོད་ཀྱི་སྒྲུང་གླུ་སོགས་ཀྱི་ནང་དུ་སྒྲ་རྒྱན་འབོར་ཆེན་ཞིག་ཡོད་པ་རྣམས་དང་གཞུང་འདི་དག་གི་ནང་དུ་ཡོད་པའི་སྒྲ་རྒྱན་གཉིས་ཀྱི་བར་གཤིབ་བསྡུར་བྱེད་ཚེ། གནའ་བོའི་གཞུང་ལུགས་དང་དམངས་ཁྲོད་ཀྱི་སྒྲུང་གླུའི་ནང་གི་སྒྲ་རྒྱན་དེ་རྣམས་ལ་བོད་རང་གི་ཁྱད་བོན་རྩམ་དྲི་ཅན་ཞིག་ལྡན་ཡོད་ཅིང་། སྒྲ་རྒྱན་འདི་དག་ནི་དེ་ལས་རྣམ་པ་ལོགས་ཤིག་ཏུ་གྱུར་ཡོད་སྟབས་ངས་འདི་དག་ལ་མེ་ལུགས་ཀྱི་སྒྲ་རྒྱན་ཞེས་འབོད་འདོད་པ་ཡིན།

   དེ་ལྟ་བུའི་མེ་ལུགས་ཀྱི་སྒྲ་རྒྱན་དེ་ལ་ཡང་སྒྲ་ཡི་གཟུགས་གཅིག་པ་རྐང་པའི་ཐོག་བར་མཐའ་སོགས་ལ་སྦྱར་བའི་ཟུང་ལྡན་གྱི་རྒྱན་དང་། བྱ་དཀའ་བའི་རྒྱན་གཉིས་སུ་ཡོད་ཅིང་བྱ་དཀའ་བའི་རྒྱན་དེ་ལ་ཡང་དབྱངས་ངེས་པ་དང་གསལ་བྱེད་ངེས་པ་སོགས་དུ་མར་ཕྱེས་ཡོད། དེང་དུས་བོད་ཀྱི་སྙན་ངག་སྨྲ་བ་དུ་མ་ཞིག་གིས་སྙན་ངག་མེ་ལོང་མ་དེ་ཉིད་བོད་ཀྱི་སྙན་ངག་གི་གཞུང་ལུགས་ཡང་དག་ཅིག་མ་ཡིན་པ་དང་། སྙན་ངག་མེ་ལོང་མའི་ཚིག་འགྲོས་དེ་བོད་རང་གི་སྙན་ངག་ལ་སྦྱར་ན་མི་འགྲིག་ཚུལ་མང་པོ་ཤོད་བཞིན་འདུག་ཀྱང་། སྒྲ་རྒྱན་ལ་མཚོན་ན་རང་རེའི་སྙན་གཞུང་དག་གི་སྒྲ་རྒྱན་གྱི་རྒྱན་ཁ་ཤས་མེ་ལོང་མའི་ཚིག་འགྲོས་ལ་ལད་ཟློས་ཆེ་དྲགས་ཏེ་རང་སྐད་ལ་མི་འཚམ་པའི་སྐྱོན་ཆེན་པོ་ཞིག་མངོན་གསལ་དོད་པོར་གྱུར་ཡོད། དཔེར་ན་བོད་མཁས་པས་གསལ་བྱེད་ངེས་པའི་མཚན་གཞི་རུ། ཀྱེ་ཀྱེ་ཀཱ་ཀཱ་ཀངྒ་སྐྱ་ཀ་ཀའི། །རེ་རོ་རུ་རུའི་རོ་རེས་ར་རོ་རུང་། །པ་པ་པོ་པོས་པོ་པོ་པོ་པོ་པོས། །ད་དེ་དེད་དོ་དེ་དོ་དེ་དེ་དེད། །ཅེས་དང་། ལས་ལ་ལ་ལ་ལ་ལ་ལ་ལུང་ལ། །ལམ་ལམ་ལ་ལ་ལ་ལ་ལེ་ལོ་ལ། །ལིང་ལིང་ལ་ལ་ལ་ལ་ལང་ལོང་ལ། །ལ་ལ་ལབ་ལོབ་ལ་ལ་ལུ་ལུར་ལུས། །ཞེས་དང་། ཡང་དགྱེས་གླུའི་དཔེར་བརྗོད་དུ། །སོས་སོས་བསུན་བསུན་ས་ས་སར། །དགྱེས་དགྱེས་གུས་གུས་དགའ་སྒྲ་སྒྲོག །ལོ་ལེགས་ལ་ལར་ལས་ལ་ལུས། །མཐོ་མཐོ་ཐད་ཐད་ཐང་ཐང་འཐུད། །་ཅེས་པ་ལྟ་བུ་བྱ་དཀའ་བའི་རྒྱན་ཚང་མ་འདི་ལྟར་ཡིན་མིན་ཞུ་ཚོད་མི་ཐིག་ཀྱང་གོང་དེས་མཚོན་པའི་དུ་མ་ཞིག་ནི་ཧ་ཅང་རྡོ་ཆགས་བཙན་སྒྲིག་ལྟ་བུར་གྱུར་ཡོད། འདི་དག་ནི་རྗོད་བྱེད་ཀྱི་ཆ་ནས་རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་ངག་ཡིན་མི་སྲིད་ལ། བརྗོད་བྱའི་ཆ་ནས་བཙན་འགྲེལ་བྱས་ན་མ་གཏོགས་ཕལ་ཆེར་གོ་རྒྱུ་མེད་པའི་ཚོད་དུ་གྱུར་འདུག་པས། དེ་ནི་སྙན་ངག་མེ་ལོང་མའི་ཚིག་འགྲོས་ལ་ལད་ཟློས་ཆེ་དྲགས་ཏེ་རང་སྐད་ལ་དེ་ལྟར་བྲིས་ན་འཚམ་མིན་གྱི་བསམ་གཞིག་མ་བྱས་པའི་སྐྱོན་ཅི་ལ་མིན་སྙམ། དེ་ནི་འགོ་ནས་མར་བསྟོད་པ་དང་སྨད་ནས་ཡར་དེ་ཡི་ལྡོག་ཕྱོགས་སྨད་པར་བྲིས་ཀྱང་ད་དུང་རྡོ་ཆག་བཙན་སྒྲིག་ལྟ་བུ་མི་ཡོང་བར་ཚིག་སྦྱོར་གྱི་ལྷུ་འདང་ངེས་པའི་གཞན་སྐད་དེ་དག་གི་ཐོག་ནས་འབྲི་ཆོག་ནའང་། བརྡ་ཁྱད་ཀྱིས་དེ་ཙམ་མི་འདང་བའི་ང་ཚོའི་སྐད་ཐོག་ནས་དེ་ལྟར་བྲིས་ན་འཚམ་པོ་མི་ཡོང་བ་གོང་གི་མཚན་གཞི་དེ་ལྟ་བུ་ལས་གསལ་པོ་ཤེས་ཐུབ་པར་འདུག། ས་སྐྱ་པཎྜི་ཏསསྣམ་བུའི་ཐག་ལ་ཟ་འོག་གི་རི་མོ་ལྟར་བོད་སྐད་ལ་དེ་རྣམས་སྦྱར་མི་བཏུབགསུངས་ཡོད་ཅེས་པ་ཡང་། འདི་ལྟ་བུའི་རིགས་ལ་དགོངས་པ་མ་ཡིན་ནམ་སྙམ།

9280cookie-checkསྒྲ་རྒྱན་ལས་འཕྲོས་པའི་དཔྱད་གླེང་། ༼སྟོད་ཆ།༽
(སྤྱིའི་གཟིགས་གྲངས། 134 དེ་རིང་། 1)
Pages: 1 2

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
 རྩོམ…
error: རྩོམ་འདི་བདག་དབང་ཅན་ཡིན།