ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཧྥ་རན་སུ་གཤེན་བསྟན་དར་རྒྱས་གླིང་གི་སྒོམ་གྲྭའི་སྐོར་གྱི་གནས་བསྡུས།

      དེ་ཡང་སྔོན་བྱོན་དམ་པ་ཡབ་སྲས་ཀྱིས་སྲོལ་བཟང་རྗེས་བཞག་གནང་བའི་མཛད་རིམ་སྟེ། སྔོན་དུས་སུ་བོན་ཕྱོགས་སུ་གྲགས་ཆེ་བའི་སྔོན་འགྲོའི་ཁྲིད་རིམ་བྲུ་ཚང་གི་ཨ་ཁྲིད་ཆེན་མོ། བོན་ཞིག་གི་ལྷན་སྐྱེས། རྨེའུ་ཚང་གི་ཁྲིད་རིམ་གསལ་སྒྲོན་དུ་གྲགས་པའི་ནང་ཚན་དང་པོ་བྲུ་ཡི་ཨ་ཁྲིད་ཆེན་མོ་འདི་ཉིད་སྤྱིར་རྒྱུད་གསུམ་གྱི་ནང་ནས་གསང་རྒྱུད་གཙོ་བོར་སྟོན་པའི་ཁྲིད་རིམ་ཡིན་པ་དང་། གསང་རྒྱུད་དེ་ལ་ཡང་བསྟན་པ་བཀའ་བབ་ཀྱི་བརྒྱུད་པ་དང་། སྙན་རྒྱུད་ཟབ་མོའི་བརྒྱུད་པ། རྟོགས་ལྡན་ཉམས་ཀྱི་བརྒྱུད་པ་དང་གསུམ་དུ་བྱུང་ཞིང་བརྒྱུད་ཁ་དེ་དག་གི་ནང་ནས་འདི་ནི་རྟོགས་ལྡན་ཉམས་རྒྱུད་ཀྱི་མཛད་སྲོལ་ཕྱག་ལེན་མ་འཆུག་པའི་ཉམས་ཁྲིད་ཅིག་ཡིན། འདི་ཉིད་ཐོག་མར་རི་ཁྲོད་དབེན་གནས་ལ་བསྟེན་ནས་ཚུལ་བཞིན་ཉམས་སུ་བླངས་ཏེ་ལག་ལེན་གྱི་ཉམས་ཁྲིད་མཛད་མཁན་རྨེའུ་སྟོན་དམ་པ་དགོངས་མཛོད་རི་ཁྲོད་ཆེན་པོ་(1038-1096)ཡིན་པ་སྟེ། དེ་ཡང་རི་ཁྲོད་ཆེན་པོས་ཞུ་སྐྱིད་མཁར་བ་ཆེན་པོ་དང་། རྨེའུ་ལྷ་རི་གཉེན་པོ། བྲུ་རྗེ་བཙུན་གཡུང་དྲུང་བླ་མ། ཞུ་སྒྲོལ་བ་གཤེན་རྒྱལ། མཚོ་བཙུན་ནམ་མཁའ་རྒྱལ་མཚན། གཡུ་སྒྲོ་ལེགས་པ། རྟོགས་ལྡན་ཏྲེ་སྟོན་གོ་ཆ། རྗེ་བཙུན་ཁྲོ་ཚང་འབྲུག་ལྷ་བཅས་སྐྱེས་ཆེན་དམ་པ་བརྒྱད་ལ་བསྟེན་ནས་ཉམས་ལེན་གྱི་སྒྲོ་འདོགས་ཁོང་ནས་ཆོད་པ་དང་། དགོངས་རྟོགས་ཀྱི་ཡོན་ཏན་ནང་ནས་བརྡོལ་ཏེ་ཡི་དམ་གྱི་ལྷ་ཞལ་གཟིགས་པ། མཁའ་ལ་གོམ་སྟབས་ཀྱིས་བགྲོད་པ། རི་བྲག་ལ་ཐོགས་ཆགས་མེད་པར་གཤེགས་པ། རྡོ་ལྕགས་འཇིམ་ལྟར་རྫི་བ་བཅས་གྲུབ་རྩལ་གྱི་ཉམས་རྟོགས་མངོན་དུ་སྟོན་ཞིང་སངས་རྒྱས་ཀྱི་དགོངས་པ་ཀློང་དུ་གྱུར་པ་བྱུང་ཡོད་པ་དང་། དེ་བཞིན་བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་པའི་འཁོར་གྱི་སློབ་ཚོགས་བསམ་གྱིས་མི་ཁྱབ་པ་བསྐྱངས་ཤིང་དེའི་ནང་ནས་མན་ངག་འདི་ཉིད་ཀྱི་བརྒྱུད་པའི་རྐང་འཛིན་མཁན་འཁོར་གྱི་སློབ་མའི་གཙོ་བོ་བཀའ་བབ་ཀྱི་ཐུགས་སྲས་བཞི། ལྕམ་གཉིས། གཅུང་བརྒྱད། གྲུབ་པ་ཐོབ་པ་ལྔ་བཅུ་རྩ་བརྒྱད། རི་ཁྲོད་ཉམས་ལེན་པ་སུམ་བརྒྱ་ཙམ་རེ་བྱུང་ཡོད་པ་དེ་དག་གིས་བསྟན་འགྲོའི་བདེ་སྐྱིད་ཀྱི་གཉེན་དུ་ཟབ་རྒྱས་ཀྱི་བོན་སྡེ་རྣམས་རང་གིས་ཉམས་སུ་བླངས་པ་དང་། གཞན་ལ་སྟོན་པ། རྗེས་སུ་བཞག་པ་སོགས་མཛད་འཕྲིན་རྒྱ་ཆེ་རྒྱས་པ་བསྐྱངས་ཡོད་ནའང་ཨ་ཁྲིད་ཀྱི་ཐུན་མཚམས་འདི་འདྲ་ཕྱོགས་གཅིག་ཏུ་གཅེས་བཏུས་ཤིག་བྱུང་མེད་དམ་སྙམ།

      དེ་རྗེས་སུམ་ལྡན་གཡོར་པོ་མེ་དཔལ་(1134-1168)གྱིས་བླ་མ་གོང་མའི་ཉམས་ཁྲིད་དང་རྫོགས་པ་ཆེན་པོའི་མན་ངག་རྣམས་གཅེས་པར་བཏུས་ཏེ་ཨ་ཁྲིད་ཐུན་མཚམས་བརྒྱད་དམ་བཅུ་པ་ཞེས་སྔོན་འགྲོའི་ཐུན་མཚམས་དང་། གཞིའི་གནས་ལུགས་ཀྱི་ཐུན་མཚམས། ཁྱད་པར་དུ་འཕགས་པའི་རྒྱུ་མཚན་གྱི་ཐུན་མཚམས། ཡེ་ཤེས་ངོས་འཛིན་གྱི་ཐུན་མཚམས། བློ་བྱས་ཀྱི་དྲི་མ་དང་དབྲལ་བའི་ཐུན་མཚམས། ལམ་ཁྱད་པར་དུ་འཕགས་པའི་ཐུན་མཚམས། ཡེ་ཤེས་འཆར་ཚུལ་གྱི་ཐུན་མཚམས། མཛད་པ་འཕྲིན་ལས་ཀྱི་ཐུན་མཚམས་བཅས་ཐུན་མཚམས་བརྒྱད་དང་། དེའི་སྟེང་འཕོ་བ་ཡེ་ཤེས་ཟང་ཐལ་གྱི་ཐུན་མཚམས་དང་། རྗེས་ཀྱི་བྱ་བའི་ཐུན་མཚམས་བཅས་ཨ་ཁྲིད་ཐུན་མཚམས་བརྒྱད་དམ་བཅུ་པའི་ཐུན་མཚམས་མཛད་པས་གཡས་རུའི་ཨ་ཁྲིད་ཆེན་མོ་གྲགས་སོ། །དེ་རྗེས་བྲུ་ཆེན་རྒྱལ་བ་གཡུང་དྲུང་(1242-1290)གིས་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པ་ཞེས་རྒྱུད་མ་སྨིན་པ་སྨིན་པར་བྱེད་པ་སྔོན་འགྲོའི་གདམས་པ་ལ་བཞི།སྨིན་པ་གྲོལ་བར་བྱེད་པའི་གདམས་པ་ལ་དྲུགགྲོལ་བ་མཐར་ཕྱིན་པའི་གདམས་པ་ལ་ལྔ་བཅས་བསྡོམས་ཐུན་མཚམས་བཅོ་ལྔའི་སྒོ་ནས་སྨིན་གྲོལ་གྱི་ཁྲིད་རིམ་མཛད་ཡོད་པ་ལྟར་དེ་ནས་བརྒྱུད་རིམ་དར་དཀར་གྱི་ཉག་ཐག་མཁའ་ལ་སྤྲིན་ཚོགས་སྤུངས་པ་དང་། ས་ནས་རྩི་ཐོག་བཀྲ་བ་བཞིན་རིམ་དང་སྤུག་མ་ཅི་རིགས་ཀྱི་སྒོ་ནས་དར་རྒྱས་སུ་བྱུང་སྟེ་ད་ལྟ་སྐུ་དངོས་སུ་ཞལ་བཞུགས་པའི་དྲིན་ཅན་མཁན་སློབ་ཡབ་སྲས་ཀྱི་བར་བརྒྱུད་པའི་རྐང་མ་ཉམས་པར་བཞུགས་ཐུབ་པ་བྱུང་ཡོད། ལྷག་པར་དུས་རབས་གསར་པའི་འཕེལ་ཕྱོགས་དང་བསྟུན་འཛམ་གླིང་ཐ་གྲུ་ཀུན་ཏུ་བྲུ་ཡི་ཨ་ཁྲིད་ཆེན་མོའི་འགྲོ་དོན་གྱི་འཕེལ་རིམ་རྒྱས་བཞིན་ཡོད་ནའང་། ཕྱི་ཕྱོགས་ཀྱི་ཡུལ་གྲུ་འདི་དག་ཏུ་སྒོམ་སྒྲུབ་ཚད་ལྡན་གྱི་སྒོ་ནས་བཅས་མཚམས་བཟུང་སྟེ་ཉིན་རེའི་དུས་ཚིགས་དང་བསྟུན་ནས་བསགས་སྦྱོང་དང་ཉམས་ལེན་བྱེད་མཁན་ཤིན་ཏུ་དཀོན་པའི་གནས་སུ་གྱུར། དེར་བརྟེན་༸སྐྱབས་རྗེ་ཡོངས་འཛིན་མཆོག་དང་མཁན་པོ་བསྟན་པ་གཡུང་དྲུང་རྣམ་གཉིས་ཀྱི་དགོངས་ཕྱོགས་གཅིག་ཏུ་བསྡུས་ཏེ། ༢༠༠༨ལོའི་དབྱར་ཁྲིད་ཆེན་མོའི་མཇུག་གྲུབ་པ་དང་མཁན་པོ་བསྟན་པ་གཡུང་དྲུང་མཆོག་གིས་དབུ་འདྲེན་གནང་སྟེ་གཤེན་བསྟན་དར་རྒྱས་གླིང་འདིར་ཞག་བརྒྱའི་མཚམས་སྒྲུབ་ཉམས་ལེན་བྱེད་མཁན་གྱི་མཚན་གྲངས་བསྡུས། དང་ཐོག་སྟབས་བདེའི་ཀུན་སློང་གནང་སྟེ་མི་གྲངས་བཅོ་ལྔ་ཙམ་ཞིག་མ་གཏོགས་འཆར་གཞི་མེད་ནའང་། ཐོ་འགོད་ཀྱི་གྲངས་ཀ་ཧ་ཅང་མཐོན་པོ་སླེབས་ཡོད་པར་བརྟེན་དེ་དང་མཚམས་པར་དགོས་སོ་ཅོག་གི་ཆ་རྐྱེན་ཡོངས་སུ་འགྲིགས་དགོས་སྟབས་མཐར་གདམས་གསེས་མང་དུ་གནང་རྗེས་ཐེངས་དང་པོར་སྒྲུབ་མཚམས་བཞུགས་མཁན་མི་གྲངས་སུམ་ཅུ་སོ་བཞི་ཙམ་བཅད་མཚམས་གནང་ཡོད།      དེ་ལྟར་མཁན་རིན་པོ་ཆེ་མཆོག་གིས་སྒོམ་གྲྭའི་བཅའ་གཞིའི་རེའུ་མིག་གཤམ་གསལ་ལྟར་གཏན་འབེབ་གནང་སྟེ་༢༠༠༩བོད་ས་གླང་ལོའི་བོད་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་(2009-09-04)སྒོམ་གྲྭ་དབུ་ཚུགས།

      དེ་ལྟར་མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་མཆོག་གིས་སྒོམ་གྲྭའི་འགོ་མཇུག་བར་གསུམ་གྱི་མཛད་ཁུར་ཆེ་བཞེས་གནང་སྟེ་སྒོམ་གྲྭ་བ་རྣམས་ཀྱིས་ཉིན་ལྟར་བསྟར་ཆགས་སུ་སྔ་ཐུན་དང་ཕྱི་ཐུན། དཔེ་ཁྲིད་དང་བསགས་སྦྱང་བཅས་རེའུ་མིག་བཞིན་ཐོག་མའི་སྔོན་འགྲོའི་བསགས་སྦྱོང་དང་བསྐྱེད་སྒོམ་གྱི་ཉམས་ལེན་རྣམས་བདུན་ཚིགས་རེ་རེ་བཞིན་གོམ་པ་རིམ་བགྲོད་ཚུལ་གྱིས་བསྒྲུབས་བརྩོན་གནང་ཡོད་པ་དང་། དེ་ནས་དངོས་གཞི་མཚན་བཅས་སེམས་འཛིན་ནས་དབུ་བཙུགས་ཏེ་མཐའ་བརྟེན་ཐུན་མཚམས་བཅོ་ལྔ་པ་བསྔོ་སྨོན་ཡན་གྱི་ལག་ལེན་རྣམས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ཉམས་ལེན་གནང་བའི་མཛད་སྲོལ་ཞིག་རྗེས་བཞག་གནང་ཐུབ་པ་བྱུང་ཡོད།

      དེ་ཡང་ཚུལ་ནི་ཉིན་རེའི་རེའུ་མིག་ལྟར་འཚོགས་ཐུན་དང་པོ་ཞོགས་པ་དུས་ཚོད་བདུན་པ་ནས་དབུ་བཙུགས་ཏེ། ཐོག་མར་བསང་དང་གསེར་སྐྱེམས་ཀྱིས་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་གཞི་བདག་རྣམས་ཐུགས་དམ་བསྐངས་ཤིང་། དེ་ནས་སྐབས་བབ་ཀྱི་བསྐྱེད་སྒོམ་ལ་དམིགས་པ་བཞག་མཚམས་ཞོགས་ཐུན་གྲོལ། དེ་རྗེས་འཚོགས་ཐུན་གཉིས་པའི་ནང་དཔེ་ཁྲིད་དང་ཉམས་ལེན་གྱི་གད་དར་གནང་ཞིང་ལན་ཆགས་སྙིང་ཁྲིན་འདེད་པའི་ཁས་ཞན་དབང་ཆུང་གི་སྡེ་སོགས་ལྷག་མ་དང་བཤལ་ཆུ་ལ་དབང་བའི་སེམས་ཅན་རྣམས་ལ་དམིགས་མེད་ཀུན་ཁྱབ་ཀྱི་མཆོད་སྦྱིན་ཆེན་མོ་སྟེ་ཆུ་གཏོར་གྱི་སྒོ་ནས་སྒོ་གསུམ་གྱིས་མཚམས་སྦྱོར་ཡང་དག་གནང་། དེ་རྗེས་འཚོགས་ཐུན་གསུམ་པའི་སྐབས་སྔ་ཐུན་གཉིས་པ་འཚོགས་ཏེ་སྔར་བཞིན་བསྐྱེད་སྒོམ་དང་དམིགས་མེད་ཉམས་ལེན་བཅས་ལ་སྐབས་བབ་དང་བསྟུན་ཏེ་བརྩོན།

      དེ་རྗེས་འཚོགས་ཐུན་བཞི་པའི་ནང་སྔོན་འགྲོ་བསགས་སྦྱོང་གི་སྒོ་ནས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་སྦྱོང་ཐབས་ལ་འབད། དེ་རྗེས་དུས་ཚོད་གསུམ་པའི་ནང་སྦྱོང་སྐབས་བོད་ཡིག་དང་བོད་སྐད་ལ་འདུན་པ་ཆེ་བ་རྣམས་འཛིན་གྲྭ་འཚོགས་ཏེ་སླར་ཡང་མཁན་རིན་པོ་ཆེ་མཆོག་གིས་སློབ་ཁྲིད་ཀྱི་སྐྱབས་འཇུག་བསྐྱངས། དེ་རྗེས་འཚོགས་ཐུན་བཞི་པའི་སྐབས་སྔར་བཞིན་སྔོན་འགྲོ་བསགས་སྦྱོང་དང་བསུར་མཆོད་འཁོར་འདས་ཀུན་ཚིམས་ཀྱི་སྒོ་ནས་མགྲོན་བཞི་མཉེས་པའི་མཆོད་སྦྱིན་དང་བསྔོ་སྨོན་གྱིས་མཚམས་སྦྱར་གནང་།

     དེ་རྗེས་འཚོགས་ཐུན་ལྔ་པ་ཕྱི་ཐུན་དང་པོའི་སྐབས་སྔར་བཞིན་སྔོན་འགྲོའི་བསྐྱེད་བསྒོམ་མམ་དངོས་གཞིའི་དམིགས་མེད་ཀྱི་ཉམས་ལེན་ལ་སྐབས་དང་བསྟུན་ཏེ་བརྩོན། དེ་རྗེས་འཚོགས་ཐུན་དྲུག་པ་ཕྱི་ཐུན་གཉིས་པའི་སྐབས་སླར་ཡང་བསྐྱེད་སྒོམ་ལ་མཉམ་པར་བཞག་མཚམས་ལུས་སྦྱིན་མཁའ་འགྲོའི་གད་རྒྱངས་ཀྱི་སྒོ་ནས་གཉན་ས་ལམ་དུ་ཁྱེར་བའི་ཉམས་ལེན་གྱི་ཐབས་ལ་བསླབ་པ་སོགས་སྦྱིན་པ་རྣམ་བཞིའི་ལག་ལེན་ཡང་ཞོར་དུ་ཆགས་མེད་མཛད་པ་བཅས་ཉིན་རེའི་རེའུ་མིག་བསྟར་ཆགས་སུ་བསྒྲུབས།

     དེ་བཞིན་བར་མཚམས་རྣམས་སུ༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་བཀའ་ལུང་དང་། ཉ་སྟོང་སོགས་ཚེས་བཟང་རྣམས་ལ་ཚོགས་ཀྱི་མཆོད་སྤྲིན་ཕུལ་བ་བཅས་མཐར་༢༠༠༩ཕྱི་ཟླ་༡༢པའི་ཚེས་༡༢ལ་ལོ་རིམ་དང་པོའི་བཅས་མཚམས་ཀྱི་དུས་ཚིགས་ཚང་བ་དང་དགེ་བྱེད་པ་ཐུན་མོང་བྱ་བ་ལམ་འགྲོ་དང་ཁ་དགེ་བཀྲ་ཤིས་ཀྱི་ངང་ནས་དགའ་སྟོན་རྟེན་འབྲེལ་དང་སྦྲགས་ཐེངས་དང་པོའི་གཤེན་བསྟན་དར་རྒྱས་གླིང་གི་སྒྲུབ་མཚམས་མཇུག་ལེགས་པར་གྲུབ་པ་བཅས་ཀྱི་གནས་བསྡུས་སུ་ཕྱི་ལོ་༢༠༡༠ཟླ་༠༩ཚེས་༠༩ཉིན་ཁྱུང་གསས་ཞེས་པའི་མིང་ཅན་དེས་བྲིས། ཐ་ཚན་མུ་ཙུག་སྨར་རོ།།

ཧྥ་རན་སུ་གཤེན་བསྟན་དར་རྒྱས་གླིང་གི་ཞལ་བྱང་།

Congregation Shenten Dargye Ling

Chateau De La Modtais, 49160 Blou, France

Tel. :(+33)02 41 50 43 64

Esabelle(+33) 06 24 62 07 05

(སྤྱིའི་གཟིགས་གྲངས། 44 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༧སྐྱབས་རྗེ…
error: རྩོམ་འདི་བདག་དབང་ཅན་ཡིན།