ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཤེན་བསྟན་དར་རྒྱས་གླིང་གི་དབྱར་ཁྲིད་ཆེན་མོ་ལེགས་གྲུབ་བྱུང་བ། (༢༠༡༦)

དབྱར་ཁྲིད་ཆེན་མོ་སྟེ་དད་ལྡན་སློབ་མ་རྣམས་ལ་དབྱར་དུས་སུ་བདུན་ཕྲག་གསུམ་རིང་ཉིན་ལྟར་འཆད་ཁྲིད་བསྟར་ཆགས་སུ་སྤེལ་བའི་དུས་ཚིགས་རིང་ཤོས་དེ་ལ་ཟེར། 2016 3འདི་ལོའི་༢༠༡༦དབྱར་ཁྲིད་དེ་ཕྱི་ཟླ་༠༧པའི་ཚེས་༢༤་ནས་དབུ་འཛུགས་ཞུས་པ་དང་། ལུང་རྟོགས་བཤད་སྒྲུབ་ཀྱི་བསྟན་པའི་བདག་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ན་གསང་གསུམ་བསྟན་པའི་མདོ་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དང་། ༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་ཀྱི་སྤྱི་སྒོས་མཛད་པའི་ཆ་ཤས་ཏེ། འཛམ་གླིང་གི་ཕྱོགས་གང་སའི་སྐལ་ལྡན་རིགས་སྲས་རྣམས་ལ་བོན་གྱི་འཁོར་ལོ་རྣམ་བཞིས་ཕན་བདེའི་ལེགས་ཚོགས་སྒྲུབ་ཅིང་ཞི་བདེའི་མཁའ་དབུགས་གསོ་བའི་སྐལ་པ་འདིར་ནུབ་གླིང་ཡུ་རོབ་པའི་གླིང་ཆེན་ཕ་རན་སི་གཙོས་ཕྱོགས་ཀྱི་ཡུལ་གྲུ་རྣམས་སུ་ལོ་བལྟར་རྫོགས་ཆེན་བླ་མེད་སྡེ་བཞི་ནས་སྔོན་འགྲོ་དངོས་གཞི་སོགས་གོམ་པ་རིམ་བགྲོད་ཚུལ་དུ་སློབ་ཁྲིད་དང་། ཉམས་ལེན་ཟུང་འབྲེལ་གྱི་སྒོ་ནས་ཐར་པའི་ས་བོན་རྒྱུད་ཐོག་ཏུ་སྨིན་གྲོལ་ཡོང་བའི་བྱིན་རླབས་ཀྱི་འཇུག་པ་གསོལ་སྩོལ་གནང་བཞིན་ཡོད་པ་ལྟར་འདི་ལོ་ཡང་མཆོག་རིན་པོ་ཆེ་རྣམ་པ་གཉིས་བདག་ཅག་ལྟོས་བཅས་དད་འབངས་རྣམས་ཀྱི་མགོན་དུ་ཕེབས་ཤིང་བླ་མེད་རྫོགས་ཆེན་སྡེ་བཞིའི་ནང་ཚན་རྫོགས་ཆེན་བསྒྲགས་པ་སྐོར་གསུམ་ལས་ལུང་ཆེན་དྲུག་གི་གདམས་ཁྲིད་བཀའ་དྲིན་ཆེ་སྐྱོང་གནང་། 2016 6ཚོགས་རྫོགས་སྒྲིབ་སྦྱོང་གི་རྟེན་དུ་སླར་ཡང་གཤེན་བསྟན་དར་རྒྱས་གླིང་གི་བྱང་ཕྱོགས་སུ་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་ཞིག་བཞེངས་སུ་གསོལ་ནས་༧སྐྱབས་རྗེ་ཡོངས་འཛིན་མཆོག་གིས་ལམ་སྟོན་གནང་བ་ཇི་བཞིན་རྐྱེན་སེལ་རིམ་གྲོའི་ཆོ་ག་བསྒྲུབས་པ་དང་། སྔོན་དངོས་རྗེས་གསུམ་གྱི་དགོས་སོ་ཅོག་གི་ལྷ་རྫས་དང་། མཆོད་རྫས། རྟེན་རྫས། གཟུངས་གཞུག་སོགས་མ་ཚང་བ་མེད་པར་ཕུན་སུམ་ཚོགས་པ་བསགས་ཤིང་བྱིན་གྱིས་བརླབས་ཏེ་མཆོད་རྟེན་གྱི་ནང་དུ་བཞུགས་སུ་གསོལ་ནས་འདུས་ཚོགས་ཡོངས་ཀྱིས་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱོར་ཞུས། དེ་ལྟར་དད་སྦྱིན་ལྗང་ལུད་མ་སུན་སྦར་(Jean-Louis Massoubre)གྱི་རེ་གསོལ་འདོད་དོན་ཡིད་བཞིན་དུ་སྒྲུབ་བཞིན་པའི་ངང་དེ་རིང་སྟེ་ཕྱི་ཟླ་༠༨ཚེས་༡༢ཉིན་པཎ་ཆེན་ལི་ཤུ་སྟག་རིང་གི་ཚོགས་ཀྱི་གཏང་རག་དང་བཅས་དབྱར་ཁྲིད་ཆེན་མོའི་མཇུག་བསྡུ་ལེགས་གྲུབ་བྱུང་བའི་གནས་བསྡུས་སུ།

ངོ་མཚར་ཆེའོ།

1ཐེག་པ་སྤྱི་དང་ཁྱད་པར་རྫོགས་པ་ཆེའི། །མན་ངག་གདམས་པར་མཛད་པའི་གནས་བསྡུས་ཙམ། །ཚིག་གི་བསྟར་བརྒྱུད་མདོ་རྩ་བཤད་པས་ན། །གདམས་ངག་བཀའ་ཡི་འབྱུང་གནས་བླ་མ་ལྷའི། །སེམས་ཉིད་ནོར་བུ་རིན་ཆེན་ལས་བྱུང་བ། །དགེ་ལེགས་ཡོན་ཏན་བྱེ་བའི་ཕུང་པོ་ལས། །འཕྲིན་ལས་རྣམ་བཞིས་འགྲོ་དོན་མཛད་པའི་ཚུལ། །ཕྱོགས་དུས་ཀུན་ཏུ་རྒྱས་པའི་ཆ་ཤས་ཏེ། །གཤེན་བསྟན་དར་རྒྱས་གླིང་ཁའི་གསས་ཁང་ནས། །བདུན་གསུམ་ཚིགས་ལ་བཏབ་པའི་ཁྲིད་གདམས་རྣམས། །ཡང་རྩེའི་ལྟ་དགོངས་མཇལ་བའི་སློབ་མ་ཡིས། །ཉན་བསམ་ཤེས་པ་རྣལ་དུ་ཕབ་ནས་སུ། །ཉིན་རེར་ཐུན་བཞིའི་བགྲོད་མེད་ལམ་ཆེན་ནས། །ཚད་མེད་བློ་ལས་འདས་པའི་ཉམས་མྱོང་བསགས། །ཡོད་མེད་མཐའ་བཞི་གྲོལ་བའི་གཤིས་ལུགས་དང་། །སྤང་བླངས་དགག་སྒྲུབ་བྲལ་བའི་རིག་པ་ལ། །ཚིག་གི་ཉག་མ་གཅིག་གི་གོ་རྟོགས་སྤེལ།། ༡ རྩོལ་སྒྲུབ་རྒྱུ་ཡིས་འབྲས་བུའི་དོན་འཚོལ་ཞིང་། །ལམ་མེད་ལམ་ལ་གོལ་བའི་གང་ཟག་ལ། །རྩོལ་བྲལ་ཉག་གཅིག་དགོངས་པའི་ལུང་ཆེན་ཕོག། ༢ སྤང་བླང་ལྟ་སྤྱོད་གོ་སའི་མུར་ཞེན་ནས། །ཉོན་མོངས་དུག་ཏུ་འཛིན་པའི་བདག་པོ་ལ། །ཀུན་བྲལ་ཉག་མ་གཅིག་གི་ལུང་དོན་བསྩལ།། ༣ ཚིག་གི་རྫོང་ལ་འཁྲས་པའི་ཡུ་བའི་བརྒྱུད། །རྟག་ཆད་གཡང་སར་ལྷུང་བའི་མུ་ལྟོ་བར། །མན་ངག་གནད་གཅིག་འདུས་པའི་ལམ་ཡིག་བསྟན།། ༤ རྒྱུ་འབྲས་བློ་ལ་ལྟོས་པའི་གྲངས་ཀ་དང་། །ཐ་སྙད་མུ་རུ་འཁྱམས་པའི་རྟོག་བཅས་པར། །ལ་བཟླ་དགོངས་པའི་ཀློང་དུ་རྫོགས་ལུགས་བཤད།། ༥ ལམ་གསུམ་མདོ་གཅིག་སྨྲ་བའི་རྟོག་གེ་བའི། །བློ་དང་རིགས་པས་སྒྲུབ་པའི་བྱང་ཆུབ་ལ། །སུན་འབྱིན་རྫོགས་པ་ཆེན་པོའི་ཆེ་བ་བརྗོད།། ༦ རང་ལ་ཡོད་པའི་དོན་དེ་མ་རྟོགས་པར། །ཕྱི་ནས་གཞན་དུ་འཚོལ་བའི་འགྲོ་བ་ལ། །རང་བྱུང་ཉག་གཅིག་སེམས་ཀྱི་ལུང་དོན་བསྩལ།། ༧ དེ་ལྟར་ལུང་ཆེན་དྲུག་གི་གདམས་ངག་རྒྱ། །མྱོང་གྲོལ་རྟོགས་པས་བཀྲལ་བའི་དེ་ཉིད་ལ། །ངོ་ཤེས་གོམས་འདྲིས་བྱས་པའི་སྐལ་ལྡན་རྣམས། །དུས་གཅིག་གནས་གཅིག་ལྟ་སྒོམ་གཅིག་བྱས་ཏེ། །བདེ་བའི་ས་ནས་བདེ་བར་གཤེགས་པ་ཡི། །དགོངས་པ་བློ་འདས་མཇལ་བ་ངོ་མཚར་ཆེའོ། །

སྲིད་པའི་མིག་ནས་ཕྱི་ལོའི་ ༢༠༡༦ ཟླ་ ༠༨ ཚེས་ ༡༢ ཉིན།

(སྤྱིའི་གཟིགས་གྲངས། 36 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གསར་གནས་སྤ…
error: རྩོམ་འདི་བདག་དབང་ཅན་ཡིན།