ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དཔྱད་རྩོམ་སྣང་བ་གསར་པ།

བོད་ཁམས་སྡུག་ལ་གྱུར་ཚུལ་སྐོར་ཅུང་ཙམ་ཞིག་གླེང་བ་ལ།
དང་པོ་གླང་དར་མ་ཞེས་མིང་བཏག་ཚུལ་དེ་དེབ་ཐེར་ཁག་ལས་གསལ་ཚུལ་དང་། རང་ཉིད་ཀྱི་བསམ་ཚུལ་ལོ། །དང་པོ་ལྷོ་བྲག་ཆོས་འབྱུང་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་ལས། བ་ལང་གི་ཤ་ཚུགས་དང་འདྲ་བའི་ཆ་ནས་གླང་དར་ཞེས་བཏག་ཡོད་ཟེར་བ་དང་། ཏི་སེའི་འོད་ལས་མི་གླེན་པ་ལྟ་བུ་དང་། རྒྱུད་གྱོང་ལ་མགོ་མཁྲེག་པས་ན་གླང་ཞེས་བརྗོད་ཡོད། ལོ་རྒྱུས་ཁ་ཤས་ནང་ལ་བཙན་པོ་ཁྲི་དར་མ་མི་ཡི་སྤྱོད་པ་དང་བྲལ་ཞིང་། འབངས་རྣམས་ཡིད་མ་རངས་ནས་ཁོང་ལ་གླང་ཞེས་བཏགས་པ་ཡིན་ཞེས་ལབ་སྲོལ་འདུག། ལ་ལ་ཡིས་གླང་དར་མ་ཞེས་པའི་མིང་དེ་རྒྱལ་པོ་འཁོད་པའི་རྗེས་སུ་བཏགས་པ་ཡིན་པ་དང་། ཁ་ཤས་ཀྱི་ཆུང་བྱིས་པའི་དུས་སུ་བཏགས་པ་ཡིན་ཞེས་བཤད་སྲོལ་མི་འདྲ་བ་མང་པོར་སྣང་ཡང་ཡིད་བརྟན་རུང་བ་གཅིག་ཀྱང་མ་མཐོང་། སྤྱིར་གླང་ཞེས་པ་དེ་བཏགས་པ་ཡིན་ན་སྨད་པའི་ངེས་པ་ཡང་མེད་ལ། དེ་བས་ཀྱང་བསྟོད་པའི་ངེས་པ་མེད་། དཔེར་ན་སངས་རྒྱས་ཀྱི་སྐུ་ཡི་མཚན་དཔེ་ལ་ཆེ་བའི་ཡོན་ཏན་བརྗོད་དུས། སྐུ་སྟོད་གླང་ཆེན་འགྱིང་བའི་ཚུལ་ཞེས་དང་། གཟི་བརྗིད་ཆེ་བ་སེང་གེ་འདྲ་ཞེས་སོགས་བསྟོད་པའི་ཚིག་ཏུ་འགྲོ་བ་ཡིན། ཡང་རྣམ་དཔྱོད་དམན་པ་གླང་ལྟར་འདྲ་ཞེས་དང་། ཞེ་སྡང་ཆེ་བ་སེང་གེ་འདྲ་ཞེས་པ་དེ་སྨད་པ་རུ་འགྲོ་བའང་ཡོད། གླང་ཞེས་པའི་ཚིག་དེ་ཡོད་མེད་ཀྱི་ཁྱད་པར་ཙམ་མ་ཡིན་པ། ཚིག་གྲོགས་ལ་གཙོ་བོ་རག་ལས་པ་ཡིན། བོད་རྒྱལ་ཁོང་ལ་གླང་དར་མ་ཞེས་བརྗོད་པ་དེ་སྨད་པའི་ཆ་ནས་བཏགས་པ་ནི་ཤིན་ཏུ་འགྲོ་ཐབས་དཀའ། ང་རང་གི་བསམ་པ་ལ་ཁོང་རྣམ་དཔྱོད་ཀྱི་བློ་གྲོས་དམན་པ་དང་། བ་ལང་གི་ཤ་ཚུགས་དང་འདྲ་བའི་ཆ་ནས་བཏགས་པ་ཞིག་གཏན་ནས་མ་ཡིན། གང་ཡིན་ཟེར་ན། ཁོང་རྒྱལ་པོའི་གསེར་ཁྲི་ལ་མངའ་གསོལ་ནས། རྒྱལ་སྲིད་བཟུང་བའི་དུས་སུ་འགྱུར་བ་ཆེན་པོ་ཞིག་གྱུར་ཡོད། དཔེར་ན། བཙན་པོ་ཁྲི་རལ་པའི་དུས་སུ་དམིགས་བསལ་གྲྭ་པ་ལ་ཐོབ་ཐང་ཆེན་པོ་ཞིག་སྤྲད་ནས། འབང་མི་སེར་ཐམས་ཅད་ལ་འདོད་པ་མེད་བཞིན་དུ་གྲྭ་པ་རེ་ལ་མི་ཚང་བདུན་རེས་ལྟོ་གོས་སོགས་ཀྱི་ཆ་རྐྱེན་དུ་སྦྱར་དགོས་པའི་ཁྲལ་དང་། གྲྭ་པའི་གདོང་ལ་མིག་ཐད་ཀར་བལྟས་ན་མིག་འབྲུ་བ་དང་། མཛུབ་བརྡ་བྱས་ན་མཛུབ་མོ་གཅོད་པ་དང་། ཁ་བཤད་བྱས་པ་ཡིན་ན་མཆུ་བྲེག་པ་དང་། གྲྭ་པའི་རྒྱུ་ནོར་འཕྲོགས་པ་ཡིན་ན་ལྡབ་བརྒྱད་ཅུ་འཇལ་དགོས་པ་སོགས་ཀྱི་བཀའ་ཁྲིམས་ཡོད་དུས་དེར་རྒྱལ་པོ་ཁྲི་རལ་པ་འདས་གྲོངས་སུ་སོང་རྗེས། བཙན་པོ་ལྷ་སྲས་སམ་གླང་དར་མ་རྒྱལ་པོ་རུ་འཁོད་དུས། སྔ་མ་ཁྲི་རལ་པས་གྲྭ་པ་ཚོ་ལ་ལྟ་སྟངས་དམིགས་བསལ་ཞིག་ཡོད་པ་དེ། འབངས་མི་སེར་རྣམས་ཡིད་མ་རངས་བས། གོང་དུ་རྒྱལ་པོ་ཁྲི་རལ་པས་གཏན་འབེབས་བཟོས་པའི་ཆོས་ཁྲིམས་མ་བཤིགས་ན་མི་འགྲིགས། ང་ཚོ་ལ་རང་དབང་གཏན་ནས་མེད་ཅེས་བཤད་ནས། ལྷ་སྲས་དར་མ་དང་འཁོར་གྱི་བློན་པོ་ཚོ་ལ་དེ་འདྲ་ཞུ་ཡི་ཡོད། དེ་ལ་ལྷ་སྲས་དར་མས་མ་འོངས་པ་བོད་ཀྱི་ཆབ་སྲིད་ལ་སོགས་ལ་ཐུགས་རྒྱ་ཆེན་པོ་ཞིག་བཞེས་ནས། འབངས་མི་སེར་གྱི་འདོད་པ་བཞིན་གྲྭ་པ་ཚོ་ལ་ཟ་རྒྱུ་དང་གོན་རྒྱུའི་ཁྲལ་དེ་མེད་པ་བཟོས་པ་དང་། དེ་ཡི་མ་ཚད་པ་རྒྱལ་པོ་ཁོང་ལ་ལས་ཀ་གང་དང་གང་ལས་པ་ཡིན་ན། ཞུམ་མེད་བློ་གྲོས་ཀྱི་སྤོབ་ཆེན་པོ་ལྡན་པ་དང་། སྟོབས་དང་མངའ་ཐང་ཆེ་བས། སྡེ་འབངས་སོགས་ཀྱིས་ཁོང་གི་མཛད་ཕྲིན་ལ་ཡིད་སྨོན་དུ་ཤོར་ནས། གླང་ཆེན་ལྟ་བུའི་སྟོབས་དང་ལྡན་པའི་ལྷ་སྲས་ཁོང་ལ་གླང་དར་མ་ཞེས་བཏགས་པ་ཡིན་པར་སྙམ། དེ་ལྟར་མ་ཡིན་པ་སྨད་པའི་ཆ་ནས་དར་མ་ཞེས་པའི་ཚིག་དེ་བེད་སྤྱོད་བྱེད་སྲོལ་མེད། གཙོ་བོ་བཟང་ཕྱོགས་སུ་ཡར་རྒྱས་ཕྱིན་པ་ལ་དར་ཞེས་བརྗོད་པ་ཡིན། ལྷ་སྲས་དར་མ་ལ་གླང་དར་ཞེས་མཚན་གསོལ་བ་དེ། སྔ་མ་འགྲེལ་བཤད་བྱེད་མཁན་ཚོས་བ་ལང་གི་ཤ་ཚུགས་དང་འདྲ་བ་དང་བླུན་པོ་ཡིན་པའི་ཆ་ནས་བཏགས་ཟེར་བས། དེ་ཕལ་ཆེར་གླང་ཞེས་པའི་ཚིག་གཅིག་པུ་ལ་བསམ་མནོ་བཏངས་ནས། གླང་དར་མ་ལ་འགྲེལ་བཤད་གནང་བ་ཤ་སྟག་ལས། ཚིག་ཟུར་དར་ཞེས་པ་དེ་ལ་བསམ་མནོ་ཡང་འཁོར་མ་མྱོང་བ་འདྲ་བོ་ཞིག་སྣང་། ཡ་ཐོག་ལོ་རྒྱུས་རིང་མོ་མཐོང་བ་ལ། །སྤྱན་མིག་གསལ་པོའི་བློ་གྲོས་མ་ལྡན་ནས།།
གཡེམ་རྒྱུག་གོ་ཚད་བྲིས་པའི་གཏམ་གླེང་དེ། །མ་འོངས་གངས་ཕྲུག་པ་ཚོའི་འཁྲུལ་རྐྱེན་ཡིན། །

(སྤྱིའི་གཟིགས་གྲངས། 107 དེ་རིང་། 1)
Pages: 1 2 3 4

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  &nb…
error: རྩོམ་འདི་བདག་དབང་ཅན་ཡིན།