ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དཔྱད་རྩོམ་སྣང་བ་གསར་པ།

གཉིས་པ་གླང་དར་གྱི་བསྟན་པ་བསྣུབས་ཞེས་པ་དེའི་སྐོར།
རྒྱལ་པོ་གླང་དར་གྱིས་བསྟན་པ་བསྣུབས་ཟེར་བའི་གཏམ་འདི་རྒན་གཞོན་ཚང་མའི་ཁ་ན་རླུང་ལྟར་གྲགས་མོད། ཁུངས་བཙལ་ན་བོད་ཀྱི་ལོ་རྒྱུས་སུ་བརྫུས་པའི་དེབ་ཐེར་ཁ་ཤས་ལ་ཐུག་འགྲོ་ཡང་འདིར་ཞིབ་ཕྲ་འཆད་པར་མི་བྱའོ། །མདོར་ན་མ་བརྟགས་མ་དཔྱད་པའི་གཏམ་དེ་ཚོ་ནི་བསིལ་ལྡན་ཁ་བའི་ལོ་རྒྱུས་ཀྱི་སྐྱོན་ལས་མཛེས་རྒྱན་དུ་འགྲོ་བ་མི་སྲིད་པ་ཚང་མས་ཐུགས་ལ་བཟུང་དགོས་ཡ་གལ་ཆེན་ཡིན། དཔེར་ན་རྒྱལ་པོ་གླང་དར་མ་ཡིས་བསྟན་པ་བསྣུབས་ཟེར་ནས། སྤྱི་སྒེར་གྱི་དེབ་ཕྲེང་བརྒྱ་ཕྲག་ནང་ལ་གླེང་བཞིན་པ་འདི། གླང་དར་མ་འདས་ནས་དེ་ཡི་ལོ་བརྒྱ་ཕྲག་གི་རྗེས་སུ་བྱུང་བའི་ལོརྒྱུས་སོགས་ལ་ཕུགས་གཏུག་ནས་བཤད་ཡོད་པ་ནི་ལྟ་ཅི་སྨོས། དེ་ཚོས་བཤད་པ་དེ་ལ་བདེན་དཔང་ཡོད་མེད་དང་།ཕུགས་རྩ་གང་ལ་བཏུག་ནས་བཤད་འདུག་དཔྱད་པ་བྱེད་དགོས། དེ་ནི་ང་རང་ཚོའི་གངས་ཕྲུག་ན་གཞོན་ཚོའི་ལས་འགན་ཡིན། དཔེར་ན།རྒྱལ་བློན་ཐུགས་ལ་གདོན་གསོལ་ནས། དེ་ནས་རེ་ཞིག་ན། ཆོས་ཀྱི་འཆད་ཉན་དང་སྒོམ་སྒྲུབ། འབྲི་ཀློག་ཕྱག་མཆོད་ཐམས་ཅད་རྒྱུན་བཅད་ཅིང་བསྣུབས་ཏེ་མིང་ཙམ་ཡང་མེད་པར་བྱས་ཟེར་ནས་བོད་ཀྱི་ལོ་རྒྱུས་ཁག་ནང་ལ་བཤད་འདུག དེ་ཚོའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ག་འདྲ་ཞིག་ལ་ཕུགས་བཏུག་ཡོད། དེའི་བཏུག་སའི་ལོ་རྒྱུས་དེ་བྱུང་ནས་ལོ་རབས་ག་ཚད་ཕྱིན་ཡོད། དེའི་ལོ་རྒྱུས་དེ་ཡང་དག་པ་ཞིག་རེད་ནམ།ཡང་ན་འཇིག་རྟེན་པའི་ངག་སྒྲོས་ཆོས་ལུགས་ཀྱི་ཕྱོགས་རིས་བྱས་ནས་ཡིག་ཐོག་ལ་བཀོད་བཞག་པ་ཡིན། དེའི་སྐོར་ལ་དཔྱད་པ་བྱེད་ནས། མཐར་ལོ་རྒྱུས་དེ་ལ་ཕུགས་ཡོད་པ་ཞིག་མཐོང་ན། ལོ་རྒྱུས་རྒྱབ་ལྗོངས་བྱེད་ནས་རང་གི་འདོད་ཚུལ་སྐོར་ལ་བྲིས་པ་ཡིན་ན་དགེ་མཚན་ཆེ།  དེ་མ་ཡིན་པ་ཐོས་ཙམ་མཐོང་ཙམ་གྱི་དེ་ཡི་རྗེས་སུ་འབྲེང་ནས་ལབ་པ་ཡིན་ན། མཐར་ང་རང་ཚོའི་མི་རབས་ཕྱི་མ་ཚོས་ལོ་རྒྱུས་ལ་བདེན་དཔང་བཟུང་ས་མེད་པ་སྒྲུང་གཏམ་དུ་འགྲོ་ཉེན་ཆེ་བས། ཞིབ་ཏུ་གཟིགས་ནས་དེའི་སྐོར་བཤད་ཡས་དེ་དགོས་གལ་ཆེ། ང་རང་གི་བསམ་ཚུལ་ལ། བོད་རྒྱལ་གླང་དར་མའམ་བཙན་པོ་ལྷ་སྲས་དར་མས་བསྟན་པ་བསྣུབས་ཞེས་པའི་དོན། སྔ་མ་ཁྲི་རལ་པའི་དུས་སུ་དམིགས་བསལ་གྲྭ་པ་ལ་ཐོབ་ཐང་ཆེན་པོ་དང་། ལྟ་ཚུལ་བཟང་པོ་དུ་བྱས་ནས། གྲྭ་པ་རེ་ལ་མི་ཚང་བདུན་རེས་ལྟོ་གོས་སོགས་ཀྱི་ཆ་ཆེན་དུ་འབུལ་དགོས་པ་དང་། གྲྭ་པ་ཡི་ནང་ཚང་དང་། དགེ་འདུན་པའི་འཚོ་རྟེན་འབུལ་མཁན་རྣམས། རྒྱལ་པོ་ལ་དཔྱད་ཁྲལ་འབུལ་མི་དགོས་པ་དང་། སྲིད་གཞུང་གི་དམག་ཁྲལ་རྒྱུག་མི་དགོས་པའི་དམིགས་བསལ་གྱི་ཁྲིམས་ཡིག་གཏན་འབེབས་བཟོས་པ་ཡིན། སྐབས་དེར་གཞན་དང་མི་འདྲ་བའི་གྲྭ་པ་ཚོ་ལ་འཚོ་བའི་སྐོར་ལ་ཆ་རྐྱེན་ཡག་པོ་ཡོད་པས། ན་གཞོན་ཚོ་མང་པོ་ཞིག་ཡང་དག་པའི་དགེ་ཕྱོགས་ལ་དམིགས་ནས་གྲྭ་པ་བྱས་པ་མ་ཡིན་ཀྱང་། གནས་སྐབས་འཚོ་བ་ཡག་པོ་དང་། དཔྱ་ཁྲལ་འབུལ་མི་དགོས་པ་དང་། དམག་ཁྲལ་རྒྱུག་མི་དགོས་བའི་ཐབས་སོགས་ལ་དམིགས་ནས་རབ་བྱུང་བསྒྲུབས་པ་ཡིན། དུས་དེར་ཕྱི་ཚུལ་ལ་ན་བཟའ་དམར་པོ་གསོལ་ནས་གྲྭ་པའི་ཚུལ་འཛིན་མང་ཡང་། དོན་ལ་རབ་བྱུང་བའི་ཁྲིམས་སྲུང་མཁན་ཉུང་ཉུང་ཞིག་གྱུར་ཡོད་པ་ཡིན། གླང་དར་མ་རྒྱལ་སྲིད་འཁོད་པའི་དུས་དེར་ལ། འོག་གི་སྡེ་འབངས་ཐམས་ཅད་ཀྱིས། ཁྲི་རལ་པའི་ཆོས་ཁྲིམས་དེ་མེད་པ་མ་བྱས་ན། ང་ཚོ་ལ་རང་དབང་གཏན་ནས་མེད་པ་ཡིན་ཟེར་ནས། རྒྱལ་པོ་ལ་སྙན་གསན་ཕུལ་བ་དང་། གོང་དུ་རལ་པས་ཆོས་ལུགས་ཀྱི་མི་སྣ་ལ། བཀུར་སྟི་རྒྱ་ཆེན་ཞུས་པའི་དབང་གིས་ཆོས་ལུགས་ཀྱི་མི་སྣ་ཚོས་རང་ཚོད་མ་ཟིན་ནས། རྒྱལ་སྲིད་ལའང་ལག་པ་འཆང་མགོ་བཙུགས་ཡོད་པ་འདྲ། རྒྱལ་པོའི་བསམ་པ་ལ། འདི་འདྲ་ན་གཞོན་ཚོ་མང་པོ་རབ་བྱུང་བསྒྱུར། མཆོད་གཞིས་བཟུང་པའི་ཆོས་ལུགས་ཀྱི་མི་སྣ་རྣམས་རྒྱལ་སྲིད་ལ་རྔམ་སེམས་ནི་ཆེ། སྟོབས་ཆེན་གྱི་རྒྱལ་ཁབ་ལ་འཐབ་ཟླར་བྱེད་པའི་དམག་གྲངས་ཀྱི་མི་འབོར་མང་པོ་དགོས་སྟབས། ད་འདི་འདྲ་ཡང་བྱེད་པ་ཡིན་ན། བོད་རླབས་ཆེན་གྱི་རྒྱལ་ཁབ་འདི། མ་འོངས་པ་རྒྱལ་སྲིད་སྲ་བརྟན་ཡོང་ཐབས་དཀའ་སྙམས་ནས། དེ་མི་ཡོང་བའི་ཆེད་དུ་དམིགས་ཏེ། ཕྱིས་སུ་ན་གཞོན་ཚོ་རབ་ཏུ་བྱུང་བ་ལ་བཀག་འགོག་བྱེད་པ་དང་། སྔ་མའི་དུས་ནས་གཤིས་ངན་དུ་སོང་བའི་ཆོས་དང་ཆབ་སྲིད་གང་ལ་མི་མཐུན་པའི། གྲྭ་པ་ཡིན་མདོག་བྱེད་ཅིང་ཕྱི་ཚུལ་གཟབ་ནས་དགོན་ལ་འདུག ནང་ཁྲིམས་མི་སྲུང་བ་མང་པོར་གནས་ཡོད་པ་རྒྱལ་པོས་ཧ་གོ་བས། དེའི་རིགས་དགོན་ནས་གྲོང་དུ་ཁྲིད་དེ་བོད་དམག་གི་གྲལ་དུ་མངགས་པར་བརྟེན་ནས། ཕྱིས་སུ་ཆོས་ལུགས་ཀྱི་མི་སྣ་འགའ་ཡིས་དེ་ཚོ་ལ་གཞིག་ནས་བོད་རྒྱལ་གླང་མས་བསྟན་པ་བསྣུབས་ཟེར་ནས་འུར་སྒྲ་བསྒྲགས་པ་ཡིན་པར་སྙམ། གཞན་དངོས་ཡོད་ཀྱི་ལོ་རྒྱུས་ལ་དྲང་པོར་དཔྱད་ན། དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་ཟེར་བ་ཤིན་ཏུ་དཀའ་མོ་ཞིག་ཡིན། དཔེར་ན་དུས་རབས་དགུ་པ་ནང་བྲིས་པའི་ཏུན་ཧོང་ཡིག་རྙིང་གི་ནང་ལ། ལྷ་སྲས་ལྷ་ཡི་དྲིན་རེ་ཆེ། བཀའ་ལུང་གཞུང་ལྟར་མཐུན་པའི་ཚེ། །ལས་ཀྱི་རྡོ་རྗེ་མཁས་པ་གསུམ། །མ་འདྲེན་སྤྱོད་ལམ་འདི་ལྟ་བུ། །མཁས་བཙུན་སྤྱོད་ལ་འཁྲུག་པ་མེད། །བོད་ཁམས་ཀུན་ཀྱང་བདེ་ཞིང་སྐྱིད། ལྷ་སྲས་དར་མ་མན་ཆད་དང་། །འོད་སྲུང་དབོན་སྲས་ཡན་ཆད་དུ། །སྤྱི་ནི་དར་ཞིང་རྒྱས་ཆེ་བས། །མྱིར་སྐྱེས་ཀུན་ཀྱང་འགྲུབ་པར་བཞེད། །ཅེས་སོ། །དེ་ལྟ་བུའི་ལོ་རྒྱུས་ཡིག་རྙིང་སོགས་ལ་དཔྱད་པ་ན། རྒྱལ་པོ་གླང་དར་མ་ཡིས་བསྟན་པ་མ་བསྣུབས་པ་གསལ་པོ་ཧ་གོ་ཐུབ་པ་ཡིན། ཕྱིས་སུ་ཆོས་འབྱུང་གི་ལོ་རྒྱུས་ཁག་འགའ་ཡི་ནང་ལ་སངས་རྒྱས་ཆོས་ལུགས་པ་རྣམས་རིམ་པ་གསུམ་དུ་ཕྱེས་ནས། བླ་མ་ཆེ་ཁག་དང་། ཆོས་ལ་ཉམས་ལེན་ཟབ་པ་རྣམས་དམར་གསོད་བྱས། སྤྱིར་བཏང་ཆོས་པ་རྣམས་རི་དྭགས་གསོད་དུ་བཏང་། ཆོས་བྱེད་མཁན་སྐྱེ་བོ་མིང་ཙམ་འཛིན་མཁན་རྣམས་བོན་གྱི་གྲུབ་མཐར་བསྒྱུར་ནས། བོན་ཆོས་བྱེད་བཅུག་པ་སོགས་ཟེར་ནས་གཏམ་བཤད་མང་པོ་འཐེན་ཏེ། དཔེར་ན་མྱང་ཏིང་འཛིན་བཟང་པོ་དང་། རྨ་རིན་ཆེན་མཆོག་རྣམས་སྐུ་བཀྲོངས་ཟེར་ཡོད་ཀྱང་། གཞན་བོན་ལ་བསྒྱུར་བ་དང་། རྔོན་ལ་མངག་པ་དེ་ཚོ་ངོས་བཟུང་དམིགས་བསལ་བྱས་མི་འདུག དེ་ཡི་ནང་ནས་གོང་དུ་རྨ་རིན་ཆེན་མཆོག་སྐུ་མ་བཀྲོངས་པ་མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་ཞེས་པའི་དེབ་ནང་ལ་གཟིགས་ན་གསལ་པོར་རྟོགས་ཐུབ། རྨ་རིན་མཆོག་གསོད་མི་བཏང་བས་བུད་མེད་དུ་བརྗུས་ནས་བྲོས་པས་ལམ་དུ་འཕྲད་ཀྱང་ངོ་མ་ཤེས། གཙང་འོ་ཡུག་ཏུ་ཡིབ་ནས་བཞུགས་པ་ལ་ལོ་དགུ་ན་འདས་པ་ལས་མ་ཚོར་ཟེར་ནས་བཤད་འདུག གཞན་ལ་ལ་བསད་ཞེས་པ་དང་ལ་ལ་བོན་ལ་བསྒྱུར་བ་བཤད་ཡོད།  དེས་བསད་པ་དང་བོན་ལ་བསྒྱུར་བ་ཤིན་ཏུ་དཀའ་མོ་རེད། གལ་ཏེ་བོད་སྤྱི་ལ་དབང་བའི་རྒྱལ་པོ་དར་མ་ཁོང་བོན་པོའི་ཆོས་ལུགས་ཀྱི་ཕྱོགས་ལ། ཤ་ཞེན་ཆེན་པོ་མཛད་ནས་བོན་ལ་བསྒྱུར་མཁན་ཞིག་ཡིན་ན། བོན་པོའི་ལོ་རྒྱུས་ནང་ལ། བོན་གྱི་ཕྱོགས་སུ་རྩ་ཆེན་གྱི་མི་སྣ་ཡིན་པའི་ལོ་རྒྱུས་མི་འཁོད་པའི་རྒྱུ་མཚན་གང་ཡང་མེད། དཔེར་ན་ཁྲི་སྲོང་གིས་བོན་ལ་གནོད་པ་ཚབས་ཆེན་དུ་བཏང་ནས། བན་དེའི་ཆོས་ཕྱོགས་ལ་ལྟ་ཚུལ་ཡག་པོ་ཞིག་འཛིན་དུས། ཆོས་འབྱུང་ལོ་རྒྱུས་སོགས་ཀྱི་ནང་ལ་འཇམ་དབྱངས་ཀྱི་སྤྲུལ་པ་ཟེར་ནས་བསྟོད་པ་ལྟར། བོན་པོས་ཡང་དེ་ལྟར་སྤྲུལ་པ་ཡིན་ཟེར་ནས་བསྟོད་པ་མ་བྱས་ན་ཡང་། བོན་ཕྱོགས་སུ་རྩ་ཆེན་ཡིན་པའི་ལོ་རྒྱུས་བརྗོད་སྲིད། དེ་ལྟར་བོན་གྱི་ཡིག་ཆ་ནང་བོན་ཆོས་ཐོག་ལ་རྩ་ཆེན་ཡིན་ཞེས་ནས་ལོ་རྒྱུས་གང་ཡང་འཁོད་པ་མེད། དེ་མེད་པས་རྒྱལ་པོ་གླང་དར་མས་ཆོས་ལུགས་ཀྱི་ཕྱོགས་ཞེན་གྱི་དབང་གིས་བོན་པོ་ལ་ལྟ་ཕྱོགས་བཟང་པོ་ཞིག་དང་། བན་དེ་ལ་ལྟ་ཕྱོགས་ངན་མཛད་མེད་པ་ལོ་རྒྱུས་སོགས་ལ་གཟིགས་ན་རྟོགས་ཐུབ། ཡང་བོན་པོའི་རབ་བྱུང་པ་བཀག་འགོག་བྱས་པའི་ལོ་རྒྱུས་མི་འདུག་བསམ་ན། བོན་པོའི་བསྟན་པ་དེ་སྔ་མ་བོད་རྒྱལ་གྲི་གུམ་དང་ཁྲི་སྲོང་གཉིས་ཀྱིས། ཉམས་ཆགས་ཆེན་པོ་ཞིག་བཏངས་ནས། ཡར་ལ་ཤུགས་ཆེན་དར་བའི་གོ་སྐབས་རག་མེད། ལྷག་པར་དུ་རབ་བྱུང་པའི་སྡེ་བོན་པོ་ལ་དེ་དུས་ཉུང་ཉུང་དུ་གྱུར་ཡོད་ཅིང་། བོད་ཀྱི་མི་འབོར་འཕེལ་རིམ་ལ་གནོད་པ་ཚབས་ཆེན་གཏོང་བའི་ནུས་པ་མེད་པས་ཟུར་ལ་བཞག་པ་མིན་ནམ་སྙམ། གཞན་ཆོས་ལུགས་ཉམས་ལེན་བྱེད་མཁན་གྱི་སྐྱེ་བོ་བན་བོན་གཉིས་ཀ་ལ་ཡོད་ཀྱང་ཆོས་ལུགས་ཀྱི་ཐོག་ནས་བཀག་འགོག་བྱས་པའི་ལོ་རྒྱུས་གང་ཡང་མེད། དེར་མ་ཚད་གསང་སྔགས་ཀྱི་བསྟན་པའི་སྡེ་ཆེར་ཆེར་དར་བའི་ལོ་རྒྱུས་གསལ་པོ་ཡོད། དགེ་སློང་ལྷ་ལུང་དཔལ་རྡོར་གྱིས། །ཁ་ཕོར་ཙམ་ལ་རེ་འཆང་ནས།། བོད་རྒྱལ་རྣམ་ཤེས་རླུང་ལ་བསྐུར།། བསིལ་ལྡན་བོད་པ་སྡུག་ལ་སྦྱར།།

(སྤྱིའི་གཟིགས་གྲངས། 107 དེ་རིང་། 1)
Pages: 1 2 3 4

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  &nb…
error: རྩོམ་འདི་བདག་དབང་ཅན་ཡིན།