ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྣམ་དག་འདུལ་བའི་བརྒྱུད་རིམ་གྱི་བཀོད་པ།

གཉིས་པ་ཁྱིམ་པའི་སྡེ་ལ། དང་པོ་ཚུལ་ལྡན་དགེ་བསྙེན་གྱི་སྡེ་གསུམ་གྱི། དང་པོ་དག་པ་དགེ་བསྙེན་གྱི་སྡེ་ནི། ཕྱི་ཡི་ཚུལ་བཅོ་ལྔ་དང་། ནང་གི་ཁྲིམས་གཏན་ཁྲིམས་སྣ་ལྔ་ཟུང་འབྲེལ་དུ་བསྲུང་ཞིང་།   ཁྱིམ་པའི་སྡེ་ལ་གཏོགས་ཀྱང་། འཁོར་བའི་སྐྱེ་ཤི་སྤངས་ནས། དག་པ་གཤེན་གྱི་དགེ་སྤྱོད་ལ་བརྩོན་པའོ། །མ་དག་པ་འདུལ་བ་དགེ་བསྙེན་གྱི་སྡེ་ནི། ཕྱི་ཚུལ་ནང་ཁྲིམས་གོང་ལྟར་ལ། སྤྱོད་ལམ་ནི་སྔགས་ཀྱི་རྣལ་འབྱོར་བྱ་ཞིང་། ཁྱིམ་པ་ལ་བརྟེན་ཏེ་མ་རྟོགས་ལོག་པའི་སྟོམས་གཞོམ་ཞིང་བསྟན་པ་བསྲུང་བའོ། །རང་རྒྱུད་སྦྱང་བ་དགེ་བསྙེན་གྱི་སྡེ་ནི། ཕྱི་ཚུལ་ནང་ཁྲིམས་གོང་ལྟར་ལ། སྡིག་པའི་ཚོགས་སྤང་ཞིང་། དགེ་བ་ལ་འབད་པ་བསྐྱེད་དོ། །ཁྱིམ་པ་ལ་བརྟེན་པའོ། །གཉིས་པ་ཚུལ་ཞུགས་དགེ་ཚུལ་གྱི་སྡེ་ལ་གསུམ།   བྱམས་པ་དགེ་ཚུལ་གྱི་སྡེ་ནི། ཕྱི་ཚུལ་དང་ནང་ཁྲིམས་དགེ་བ་ལ་འདུན་ཞིང་སྡིག་པ་ལ་བྱོལ་ཏེ། དགེ་བ་སྤྱོད་པའི་ཚུལ་དང་ལྡན་པས། སེམས་བསྐྱེད་མ་བཞིའི་རྒྱུན་ལ་ཞུགས་ཏེ། ཁྱིམ་པ་ལ་བརྟེན་པའོ། །སྦྱིན་པ་དགེ་ཚུལ་གྱི་སྡེ་ནི།  ཕྱི་ཚུལ་དང་ནང་ཁྲིམས་གོང་ལྟར་ལ། མཆོད་སྦྱིན་གཏོང་བའི་རྒྱུན་ལ་ཞུགས་ཏེ། ཁྱིམ་པ་ལ་བརྟེན་པའོ། །ཞི་བ་དགེ་ཚུལ་གྱི་སྡེ་ནི། ཕྱི་ཚུལ་དང་ནང་ཁྲིམས་གོང་ལྟར་ལ། ངང་ཞི་ལ་རྒྱུད་དུལ་བའི་རྒྱུན་ལ་ཞུགས་ཏེ་ཁྱིམ་པ་ལ་བརྟེན་ཏེ། དགེ་བསྙེན་གྱི་སྡེ་གཉིས་སོ།།     གཉིས་པ་བསྙེན་གནས་ཡན་ལག་གི་སྡེ་གཉིས་ལ། ཡག་ལག་གཏན་བསྲུང་གི་སྡེ་གསུམ་སྟེ། སྨེ་བ་གཏན་བསྲུང་གི་སྡེ་ནི།  བསླབ་བྱ་དང་དམ་ཚིག་ནི་གཡུང་དྲུང་གནས་བཞི་དང་། བླ་མེད་སྡེ་གསུམ་ལ་སྐྱབས་སུ་འགྲོ་ཞིང་།    སྲོག་གཅོད་པ་དང་མང་ཐུན་གྱི་ཤ་གཏན་ནས་སྤང་བའོ། །འཆལ་བ་གཏན་སྤང་གི་སྡེ་ནི། བསླབ་བྱ་དང་དམ་ཚིག་གོང་ལྟར་ལ།   འཆལ་བར་བྱ་བ་ཡུ་ཏིའི་ཆང་སྤང་བའོ། །དྲི་མ་གཏན་སྤང་གི་སྡེ་ནི། བསླབ་བྱ་དང་དམ་ཚིག་གོང་ལྟར་ལ། འཐིབ་པར་བྱེད་པའི་སྒོག་བཙོང་སྤང་བའོ། །ཡན་ལག་དུས་འཛིན་གྱི་སྡེ་ལ་གསུམ་སྟེ། ཡན་ལག་བརྒྱད་པའི་སྡེ་ནི། སེམས་བསྐྱེད་ཀྱི་སྡོམ་པ་བླངས་ལ། དུས་བརྒྱད་ལ་རྩ་བ་དང་ཡན་ལག་བརྒྱད་བསྲུང་སྟེ་དགེ་བ་ལ་སྤྱོད་པའོ། །ཡན་ལག་གསུམ་པའི་སྡེ་ནི།  བསླབ་བྱ་དམ་ཚིག་གོང་ལྟར་ལ། ཉ་གསུམ་ལ་བསྲུང་བའོ། །ཡན་ལག་གཅིག་པའི་སྡེ་ནི། བཅོ་ལྔ་ཞེས་ཉ་རྒྱས་པ་ལ་བསྲུང་བའོ། །དེ་རྣམས་ནི་འཁོར་བ་ལ་གནས་ཤིང་ཁྱིམ་པ་ལ་བརྟེན་ཀྱང་ཐ་མལ་གྱི་ས་རུ་མི་གོལ་ཞིང་། རྣམ་པར་དག་པ་གཤེན་གྱི་ལས་སྤྱོད་ལ་རྗེས་སུ་འབྲང་ནས་དགེ་བ་ལ་ཞུགས་ཤིང་། གཡུང་དྲུང་ས་བཅུ་རིམ་པར་བགྲོད་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་ཐོབ་པའི་རྒྱུའོ། །
ཞེས་འབྱུང་བ་འདི་རྣམས་སྔོན་བྱོན་འདུལ་བའི་ཡིག་ཆ་མཛད་པ་པོ་རྣམས་དང་དུས་སྐབས་མ་འཛོམས་པས་འདུལ་བའི་གཞུང་དུ་ཁྲིམས་ཀྱི་ཚུལ་མཛད་མདོ་རྒྱས་པ་ནས་སྲུང་ཁྲིམས་རྩ་ལག་གི་མདོ་ལས་ཇི་ལྟར་གསལ་བའི་འདུལ་བའི་ཚུལ་ཁྲིམས་ཀྱི་རྣམ་བཞག་འདི་དག་ལ། འདུལ་བའི་དགོན་སྡེ་རྣམས་ཀྱིས་ཕྱག་ལེན་མཛད་པ་ཡིན་ན་ངོ་མཚར་ཆེ་བ་ཞིག་འབྱུང་ངོ་འདུག སྔར་གྱི་འདུལ་བའི་ཡིག་ཆ་ལ་ཁ་གསལ་ཞིབ་ཆ་འབྱུང་བ་ལས་འགལ་བའི་ཚུལ་འབྱུང་ངོ་མི་འདུག་སྙམ་པས་དཔྱད་གཞིའོ། །

    འདུལ་བའི་བརྒྱུད་རིམ་ནི། དང་པོ་སྤྲུལ་སྐུའི་མཁན་བརྒྱུད་ཀྱི་ཚུལ་ནི། སྟོན་པ་ཁྲི་གཙུག་རྒྱལ་བ་གསེར་མདོག   སེང་ཁྲི་པད་ཉི་ཟླ་བའི་གདན་ལ་བཞུགས་པ། གཡས་པས་ས་གནོན་ཆག་ཤིང་དང་། གཡོན་པས་མཉམ་བཞག་གཞི་བསྐུར་བསྣམས་པ། ནབ་བཟའ་པད་ལོ་རིས་དྲུག་གསོལ་བ། གཡས་སུ་ཡིད་ཀྱི་ཁྱེའུ་ཆུང་གཙུག་གཤེན་རྒྱལ་བ་ཚུལ་གོས་རིས་དྲུག་གསོལ་ཞིང་། པད་ཤུན་གྱི་གདན་ལ་བཞེངས་པ། སྐུ་མདོག་ལྗང་ཁུ། གཡོན་དུ་འ་ཞ་གསང་བ་ཤི་ཤོན་རས་བལ་གྱི་བླ་གོས་རྐྱང་པ་ཞིག་མནབས་ནས་ན་ནམ་སྔོན་པོའི་གདན་ལ་བཞུགས་པ། དྲང་སྲོང་རྒྱལ་བ་སྐུ་མདོག་དཀར་པོ། པད་ལོ་རིས་དྲུག་གསོལ་ཞིང་།  གཡས་པས་ཧོས་རུ།   གཡོན་པས་གཞི་སྐུར་འཛིན་པ། གཙུག་སྲས་རྨ་བོ། སྐུ་མདོག་དམར་པོ། གཡས་པས་ཁྲུས་བུམ། གཡོན་པས་གཞི་སྐུར་འཛིན་པ།  ནབ་བཟའ་པད་ལོ་རིས་དྲུག་གསོལ་བ། ཁྲི་ལྡེ་གུང་གྲགས།  སྐུ་མདོག་གཡུ་མདངས།  གཡས་པོ་ཏི།   གཡོན་གཞི་སྐུར། ནབ་བཟའ་པད་ལོ་རིས་དྲུག་གསོལ་བ། མུ་ཆོ་ལྡེམ་དྲུག   ནབ་བཟའ་པད་ལོ་རིས་དྲུག་གསོལ་བ།  དེའི་ཡན་སྤྲུལ་སྐུའི་མཁན་བརྒྱུད་དོ། །
དམུ་ཚ་ཏྲ་ཧེ།  ཁྲི་ལྡེ་འོད་པོ།  ལྷང་ལྷང་གཙུག་ཕུད། དང་བ་ཡིད་རིང་། ཐུགས་ཀར་ཡེ་ཤེས། གུང་རུམ་ཡེ་ཤེས།འོད་ལྷ་གསལ་འབར། རྫུ་འཕྲུལ་ཡེ་ཤེས། སྟག་གཟིག་གི་མཁན་བརྒྱུད་དོ། །
ཡེ་ཤེས་ཚུལ་ཁྲིམས།  གཡུང་དྲུང་ཚུལ་ཁྲིམས། གཙུག་ཕུད་ཚུལ་ཁྲིམས། ཞང་ཞུང་གི་མཁན་བརྒྱུད་དོ། །
ག་ཆུ་རྒྱལ་བ། ཡ་གོང་ཡེ་ཤེས་རྒྱལ་བ། སྡེ་བཙུན་རབ་གསལ། ཇོ་བཙུན་ཡེ་ཤེས། མུ་ཟི་གསལ་བཟང་།  འདིའི་ཡན་མངའ་རིས་ཀྱི་བརྒྱུད་པའོ། །
ཁྲི་འབར་ཚུལ་ཁྲིམས། རྒྱལ་བ་གཙུག་ཕུད།  གཙུག་ཕུད་ཚུལ་ཁྲིམས།  བླ་ཆེན་མུ་ཐུར། གཉོས་བཙུན་རིན་རྒྱལ།ཀུན་དགའ་ཚུལ་ཁྲིམས། འདིའི་ཡན་མདོ་ཁམས་ཀྱི་བརྒྱུད་པའོ། །
རིན་ཆེན་གཙུག་ཕུད། པྲ་ཕུད་ཚུལ་ཁྲིམས།  ཚུལ་ཁྲིམས་ཡེ་ཤེས།  ཤེར་བཙུན་གཡུང་དྲུང་། གཡུང་དྲུང་རྒྱལ་མཚན།ཚོང་བཙུན་ནམ་མཁའ་རྒྱལ་མཚན།  གཡུང་བཙུན་ཇོ་གདུང་།  དམ་པ་དགོངས་མཛོད། ཤེས་རབ་འོད་ཟེར། གཤེན་སྟོན་ནམ་མཁའ།  གཡོར་པོ་མེ་དཔལ། བདུད་རྩི་རྒྱལ་མཚན། དར་མ་རྒྱལ་མཚན།  ཚུལ་ཁྲིམས་བླ་མ། འགྲོ་མགོན་མར་སྟོན། བང་ཐང་ཞང་སྟོན།  སུམ་སྟོན་ལྷ་འབུམ།  འགྲོ་མགོན་བློ་གྲོས། ཡེ་ཤེས་བློ་གྲོས། འདུལ་བ་བློ་གྲོས། ཤེས་རབ་བློ་གྲོས། གཡུང་དྲུང་ཡེ་ཤེས།   ཚུལ་ཁྲིམས་ཡེ་ཤེས།   ཤེས་རབ་རྒྱལ་མཚན། རིན་ཆེན་རྒྱལ་མཚན། ནམ་མཁའ་ཡེ་ཤེས།   ཀུན་བཟང་རྒྱལ་མཚན། རིན་ཆེན་རྒྱལ་མཚན། ཚུལ་ཁྲིམས་རྒྱལ་མཚན། བསོད་ནམས་ཡེ་ཤེས། བསོད་ནམས་གཡུང་དྲུང་། ཤེ་ཙུ་དྲུང་མུ།  ཤེས་རབ་འོད་ཟེར།  གཡུང་དྲུང་རྒྱལ་མཚན།  ཤེས་རབ་བློ་གྲོས། ཤེས་རབ་འོད་ཟེར། གཙུག་ཕུད་འོད་ཟེར། གཡུང་དྲུང་ཚུལ་ཁྲིམས།  རིན་ཆེན་འོད་ཟེར།  རིན་ཆེན་ལྷུན་གྲུབ། ཤེས་རབ་བསྟན་འཛིན། ཤེས་རབ་དབང་རྒྱལ། གཡུང་དྲུང་དབང་རྒྱལ། ཕུན་ཚོགས་རྣམ་རྒྱལ། བསོད་ནམས་བློ་གྲོས། ཟླ་བ་རྒྱལ་མཚན། ཉི་མ་བསྟན་འཛིན། བསོད་ནམས་ཕུན་ཚོགས། ཤེས་རབ་གཡུང་དྲུང་། སངས་རྒྱས་བསྟན་འཛིན། བསྟན་འཛིན་ཚུལ་ཁྲིམས། ཕུན་ཚོགས་བློ་གྲོས།  རྒྱལ་བ་བློ་གྲོས།  བསྟན་པ་བློ་གྲོས། ཉི་མ་དབང་རྒྱལ། ཤེས་རབ་བློ་གྲོས། འདི་རྣམས་དབུས་གཙང་གི་མཁན་བརྒྱུད་དོ། །
བརྒྱུད་རིམ་གྱི་བླ་མ་ཕལ་ཆེར་སྐུ་མདོག་དཀར་ལ་དམར་མདངས་ཅན། ནབ་བཟའ་པད་ལོ་རིས་དྲུག་གསོལ་ཞིང་ཕྱག་ན་རྫས་ལྔ་གང་རུང་རེ་བསྣམས་པ།  པད་ཉི་ཟླ་བའི་གདན་ལ་བཞུགས་པ།  མཉམ་མེད་བླ་མ་དང་། ས་ཏྲིག་ཨེར་སངས་སོགས་ཕྱག་རྒྱ་པད་ཀོར་ཡོད་པ་རྣམས་ཀྱི་ཕྱག་གཡས་ཀྱི་རྒྱབ་ཕྱིར་བསྟན་ཞིང་གཡོན་པའི་ཕྱག་མཐིལ་ཕྱིར་བསྟན་དགོས་ཏེ། ཀམ་སྟོན་ཉི་མ་རྒྱལ་མཚན་ལ་སྙན་རྒྱུད་བྱུང་བའི་མཉམ་མེད་ཕྱི་ནང་གསང་བའི་སྒྲུབ་པ་ཡོད་པ་ལ། གསང་སྒྲུབ་ཡི་གེར་ཕབ་པ་ལས། བོན་འཆད་ཕྱག་རྒྱ་གཡས་སྐོར་ཚུལ། ཞེས་གསུངས་པ་ལྟར། གཡས་ནས་སྐོར་བ་བོན་པོའི་སྤྱི་ལུགས་ཡིན་པ་ཤེས་པར་བྱ། འདི་ནི་འདུལ་བའི་བརྒྱུད་རིམ་གྱི་ཐང་ཀ་བཞེངས་པར་འདོད་པ་འགས་བཀའ་མངགས་བྱུང་བ་བཞིན། འདུལ་བ་བྱུང་བའི་ཁུངས་དང་། བསྲུང་བྱའི་ཚུལ་ཁྲིམས་ཀྱི་རྣམ་གྲངས་མདོ་ལས་ཇི་ལྟར་བྱུང་བ་རྣམས་ཟུར་དུ་ཕྱུང་བ་དང་། མདོ་ལས། འདུལ་རྒྱུད་ཀྱི་རྣམ་གྲངས་དང་ཚུལ་ཁྲིམས་ཀྱི་དབྱེ་བཤག་ཡོད་པ་རྣམས་བོན་པོས་མཁྱེན་རྟོགས་འབྱུང་བའི་ཆེད་དུ་བཀོད་པ་ཡིན། དེ་རྣམས་ཀྱི་དགོངས་གཞི་དགོས་པ་རྣམས་བསྲུང་ཁྲིམས་རྩ་བ་དང་ཡན་ལག་གི་མདོ་དྲི་མེད་གཟི་བརྗིད་ལས་བྱུང་བ་ལ་བལྟ་རྟོགས་དགོས་པ་བསྐུལ་བའི་ཆེད་དུའོ།། །།

                                                                   བསྟན་རྣམ་པས་མདོ་རྒྱུད་ལས་བཤུས་པའོ།།

(སྤྱིའི་གཟིགས་གྲངས། 168 དེ་རིང་། 1)
Pages: 1 2 3

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།