ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྒྲ་རྒྱན་ལས་འཕྲོས་པའི་དཔྱད་གླེང་། ༼སྨད་ཆ།༽

མེ་ལུགས་དང་སྲོལ་རྒྱུན་ནང་གི་ཟློས་ཚིག་གི་ཁྱད་པར་གླེང་བ།

       ཟུང་ལྡན་རྒྱན་ནི་གཙོ་བོ་ཟློས་སྒྲའི་ཚིག་གི་ལམ་ནས་འབྲི་དགོས་ཤིང་། དེ་ལ་ཡང་ཚིག་གིས་བར་ཆོད་པ་དང་མ་ཆོད་པ་ཅི་རིགས་སུ་ཡོད། སྲོལ་རྒྱུན་གྱི་སྒྲ་རྒྱན་ནང་དུ་བཀོལ་བའི་ཟློས་སྒྲའི་ཚིག་དང་མེ་ལུགས་ཀྱི་སྒྲ་རྒྱན་དུ་བཀོལ་བའི་ཟློས་སྒྲའི་ཚིག་བར་ཁྱད་པར་ཆེན་པོ་ཡོད་དེ། སྲོལ་རྒྱུན་གྱི་སྒྲ་རྒྱན་ནང་དུ་བཀོལ་བའི་ཟློས་སྒྲའི་ཚིག་རྣམས་བོད་རང་གི་སྐད་དང་དང་ཧ་ཅང་བར་ཐག་ཉེ་ཞིང་ང་ཚོའི་ནམ་རྒྱུན་སྐད་ཆའི་ཁྲོད་རྒྱུན་དུ་བཀོལ་བཞིན་པ་དག་ཡིན། དཔེར་ན་སྲོལ་རྒྱུན་གྱི་སྒྲ་རྒྱན་ནང་དུ་ཤས་ཆེར་བྲིས་ཡོད་པའི་ཀྱི་ལི་ལི། ཤ་ར་ར། སི་ལི་ལི། འུ་རུ་རུ། མེ་རེ་རེ། ཡ་ལ་ལ། མུ་ལུ་ལུ། ཀྱུ་རུ་རུ། སོགས་ཟློས་སྒྲའི་ཚིག་འདི་དག་ཕལ་ཆེ་བ་ང་ཚོའི་སྐད་ཆའི་ཁྲོད་རྒྱུན་དུ་བཀོལ་བཞིན་པ་རྐྱང་རྐྱང་སྟེ། དཔེར་ན། གདུག་ཀྱི་ལི་ལི་འཁོར་བཞིན་འདུག་ཅེས་དང་། རི་དྭགས་ཤ་ར་ར་བཤར་སོང་། རོལ་མོ་སི་ལི་ལི་འཁྲོལ་གྱིན་འདུག སྒྲ་འུ་རུ་རུ་གྲགས་བྱུང་། འོ་མ་མེ་རེ་རེ་འཕྱུར་སོང་། ཁ་བ་ཡ་ལ་ལ་བབས་བྱུང་། འཛུམ་མུ་ལུ་ལུ་བསྡད་འདུག བྱེའུ་ཆུང་ཀྱུ་རུ་རུ་གྲག་བྱུང་། །ཞེས་པ་ལྟ་བུ་དང་ད་དུང་གཞན་མང་ངོ་། །འདི་ལྟ་བུའི་ཟློས་ཚིག་རྣམས་ལ་མེ་ལུགས་ཀྱི་ཟློས་ཚིག་དང་མི་འདྲ་བར་ཁྱད་བོན་གཞན་ཞིག་ཡོད་པ་ནི་སོ་སོ་དང་མཐུན་པའི་ཚིག་གྲོགས་རེ་ངེས་པར་དུ་སྦྱར་དགོས་པ་དེ་རེད། དཔེར་ན། གོང་གི་ཟློས་ཚིག་དེ་དག་ནང་གི་རིམ་བཞིན། ཀྱི་དང་། འུ། མེ། ཡ། མུ། ཀྱུ། དེ་རྣམས་ཡིན་ཞིང་ཚིག་གྲོགས་དེ་མེད་ན་འཇུག་གི་ཟློས་ཚིག་གཅིག་པུས་སྐབས་བབ་ཀྱི་བརྗོད་བྱའི་དོན་སྟོན་གྱིན་མེད་ལ། མཇུག་གི་ཟློས་ཚིག་དེ་དང་མ་འབྲེལ་ན་གོང་གི་ཚིག་དེ་གཅིག་པུས་སྐབས་བབ་ཀྱི་བརྗོད་བྱའི་དོན་དེ་བས་ཀྱང་སྟོན་མི་ཐུབ། དེ་གཉིས་ཟུང་དུ་འབྲེལ་ཚེ་བརྗོད་བྱ་གང་ལ་སྦྱར་བ་དེ་ཡི་དོན་ཆ་ཚང་ཞིག་སྟོན་ཐུབ་པས་དེ་གཉིས་བར་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་དམ་པོ་ཞིག་ཆགས་ཡོད། ནམ་རྒྱུན་སྐད་ཆའི་ཁྲོད་དུ་ཡང་ཚིག་གྲོགས་དེ་དག་དང་འབྲེལ་བའི་སྒོ་ནས་སྨྲ་དགོས་པ་ཇི་བཞིན་སྲོལ་རྒྱུན་གྱི་སྒྲ་རྒྱན་དེ་དག་གི་ནང་དུ་དེ་ལྟར་རང་བཀོལ་ཏེ་བྲིས་ཡོད་པས། སྲོལ་རྒྱུན་གྱི་སྒྲ་རྒྱན་རྣམས་ནི་མེ་ལུགས་ཀྱི་སྒྲ་རྒྱན་དང་མི་འདྲ་བར་བོད་རང་གི་སྐད་ཆའི་སྒྱུ་རྩལ་དང་ཤིན་ཏུ་བར་ཐག་ཉེ་ཡོད་པ་རེད། དེས་ན་ང་ཚོས་ཀློག་པའི་ཚེ་བརྗོད་བྱ་ཡང་གོ་སླ་བ་དང་སྔར་ནས་བྱང་མྱོང་བ་ལྟ་བུའི་ངག་ལ་ཤིན་ཏུ་བརྗོད་བདེ་བ་སོགས་ཀྱི་ཡོན་ཏན་དེ་དག་ལྡན་ཡོད་པ་སྟེ། དཔེར་ན། <<རྒྱལ་ཆེན་ཤེལ་ཁྲབ་ཀྱི་བསྟོད་བསྐུལ་>>ལས། དཀར་པོ་ཕུན་དམར་ཆིབས་སུ་བཅིབས། །གསེར་སྲབ་སེར་པོ་སི་ལི་ལི། །གཡུ་མཐུར་སྔོན་པོ་ན་ར་ར། །དུང་གི་སྒ་བསྟད་ཝངས་སེ་ཝང་། །དུང་ཡོབ་དཀར་པོ་ཁྲ་ལ་ལ། །ཞེས་པ་འདི་ལྟ་བུའོ། །གཞན་ཡང་གནའ་བོའི་མགུར་མ་དང་སྒྲུང་གླུ་སོགས་སུ་བྲིས་ཡོད་པའི་སྒྲ་རྒྱན་རྣམས་ཀྱང་འདི་ལྟར་རང་ཡིན་འདུག་སྟེ། དཔེར་ན། <<མི་ལ་རས་པའི་རྣམ་མགུར་>>ལས། ཆོས་ཉིད་ཆང་གིས་ཐམས་ཅད་བཟི། །ཐོད་རྒལ་ཉམས་ཀྱིས་རྩེད་མོ་རྩེ། །གཉིས་དབང་གླུ་ཆུང་རྩེ་རེ་རེ། །ཉམས་ལེན་བྱིན་རླབས་ཐུ་ལུ་ལུ། །བྱམས་པའི་རྒྱགས་གཏམ་ཤ་ར་ར། །བདེ་སྐྱིད་ཀྱི་བཞད་བགད་ལྷག་གེ་ལྷག །ཉམས་ལེན་སྐྱུགས་པ་ཆིལ་ལི་ལི། །བྱིན་རླབས་འུར་སྒྲ་དི་རི་རི། །དགའ་འོ་སྐྱིད་དོ་བླ་མའི་དྲིན། །ཞེས་དང་། <<ཧོར་གླིང་གཡུལ་འགྱེད་>>ལས། ཤན་པ་ཆུ་སྣ་རྒྱུག་རྒྱུག་བྱོས། །ཧོར་དམག་འབྲོང་མོ་གཤར་གཤར་མཐུད། །ཤན་པ་མེ་ལྕེ་འབར་འབར་བྱོས། །ཧོར་སྡེ་མེ་སྟག་འཚུབ་འཚུབ་སོང་། །ཤན་པ་རི་སྤྱང་རྒྱུག་རྒྱུག་བྱོས། །ཧོར་དམག་སྤྱང་ཕྲུག་འདུར་འདུར་གྱིས། །ཞེས་པ་ལྟ་བུ་ཤིན་ཏུ་མང་ཡང་འདི་ཙམ་དུ་འཇོག་གོ།

(སྤྱིའི་གཟིགས་གྲངས། 243 དེ་རིང་། 5)
Pages: 1 2 3 4 5 6

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
<མེ་ལུག…
error: རྩོམ་འདི་བདག་དབང་ཅན་ཡིན།