ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྒྲ་རྒྱན་ལས་འཕྲོས་པའི་དཔྱད་གླེང་། ༼སྨད་ཆ།༽

  ཞོར་འཕྲོས་སུ་ཀ་རྩོམ་གྱི་སྐོར་ཅུང་ཟད་གླེང་བ།

     ཀ་རྩོམ་ཞེས་པ་ནི་ཀ་མད་སུམ་ཅུ་གོ་རིམ་ལྟར་བསྒྲིགས་ཏེ་བྲིས་པ་ཞིག་ཡིན་ལ། འདི་ཡང་སྒྲ་རྒྱན་གྱི་ཁོངས་སུ་འཇོག་ཆོག་པ་ཡིན། དེ་ལ་ཡང་ཀ་མད་སུམ་ཅུ་ལུགས་ལྡོག་བྱས་པ་དང་ལུགས་འབྱུང་བྱས་པ། རྐང་པའི་ཐོག་མཐའ་ལ་སྦྱར་བ་དང་བར་ལ་སྦྱར་བ་སོགས་མང་དུ་འདུག་སྟེ། དེ་དག་གི་སྐོར་<<བོད་ཀྱི་རྩོམ་རིག་གཞུང་ལུགས་སྐོར་གྱི་རྣམ་བཤད་>>ནང་དུ་ཞིབ་རྒྱས་བྲིས་ཡོད་པས་དེར་གཟིགས་པར་འཚལ། བོད་ཀྱི་ཀ་རྩོམ་བྱུང་རབས་སྐོར་ལ་མཁས་དབང་ཚེ་ཏན་ཞབས་དྲུང་གིས། རྗེ་ཙོང་ཁ་བའི་དུས་སུ་ཡང་ཀ་རྩོམ་ཞིག་མཐོང་རྒྱུ་མེད་པ་དང་། དེའི་རྗེས་རྒྱལ་བ་དགེ་འདུན་རྒྱ་མཚོའི་དུས་སུ་གཞི་ནས་ཀ་རྩོམ་མཐོང་རྒྱུ་ཡོད་པར་བྱུང་འདུག་ཅེས་དང་། དེའི་ཕྱིར་ཀ་རྩོམ་ནི་ཤིན་ཏུ་དར་འཕྱི་བར་གསུངས་ཡོད། འོན་ཀྱང་བོན་གྱི་གཞུང་ལུགས་<<ཀུན་འབུམ་ཁྲ་བོ་>>ལས། ཀ་རྒྱུད་ཡེ་དབལ་ནམ་མཁའི་ཆར། །དབལ་བོན་རོམ་པོས་བླ་སྐྱོབས་ཤིག །ཁ་ལ་ཡོག་འབེབས་སྐྱི་འདང་ཆུ། །ཡོག་བོན་གཏོ་རྒྱལ་བསྲུངས་མཛད་ཤོག །ག་ལའི་ཁྲིན་རྗེ་བདུད་རྩི་འཆང་། ཕྱྭ་སངས་གྱེར་དཀར་སྟོབས་གསལ་ཤོག །ང་རྒྱལ་གཉེར་ཁམས་རྒྱ་མཚོ་རྔུབ། གཏོ་ཆེན་གཉེར་བའི་ཞལ་སྟོན་ཅིག །ཅེས་ཀ་ནས་ཨ་བར་དུ་ཚིག་རྐང་གཉིས་རེ་བྱས་པ་ཞིག་འདུག་པ་འདི་ཉིད་ཀ་རྩོམ་མ་ཡིན་པའི་རྒྱུ་མཚན་གང་ཡང་མེད་དེ། ཀ་རྩོམ་ཞེས་པ་ནི་ཀ་མད་སུམ་ཅུའི་གོ་རིམ་ལྟར་བྱས་ཏེ་དེ་དག་སོ་སོའི་བརྗོད་བྱ་ལ་དཔགས་ནས་སྦྱར་བ་ཞིག་ལ་ངོས་འཛིན་དགོས་པ་བཞིན། ཚིགས་བཅད་འདི་ཉིད་ཀྱི་འགྲོས་ཀྱང་དེ་ལྟར་རང་བྱས་ཡོད་པས། དེས་ན་ཚིགས་བཅད་འདི་ཉིད་དོན་བརྗོད་ཀྱི་ཀ་རྩོམ་ཞིག་ཡིན། དེ་ཡང་གོང་གི་<<བོད་ཀྱི་རྩོམ་རིག་གཞུང་ལུགས་སྐོར་གྱི་རྣམ་བཤད་>>ལས། ཀ་རྩོམ་ལ་ཁྱད་བོན་བཞི་བཤད་པའི་དང་པོ། ཀ་རྩོམ་གྱི་ལུས་ནི་ངེས་པར་ཚིགས་སུ་བཅད་པ་ཡིན་དགོས་གསུངས་འདུག་པ་དེ་ཉིད་རྒྱུ་མཚན་དང་ལྡན་པར་མཐོང་བས། ཀ་རྩོམ་ནི་ངེས་པར་དུ་ཚིགས་བཅད་ཡིན་དགོས་པར་སྙམས། གོང་གི་ཀུན་འབུམ་ཁྲ་བོ་ནི་སངས་རྒྱས་གཤེན་རབ་མི་བོས་གསུངས་པའི་བཀའ་ཡིན་ཞིང་། བསྟན་པ་ཕྱི་དར་སྐབས་རྗེ་བཙུན་ཁྲོ་ཚང་འབྲུག་ལྷས་པུ་རང་ཤེལ་མཚོ་ནས་གཏེར་དུ་དྲངས་པ་ཡིན་འདུག དེ་ཡང་<<རྗེ་བཙུན་ཁྲོ་ཚང་འབྲུག་ལྷའི་རྣམ་པར་ཐར་པ>>་ལས།པུ་རང་ཤེལ་མཚོའི་གཏེར། ཀླུ་འབུམ་དཀར་ནག་ཁྲ་གསུམ་དང་། རྩ་བ་ཐུགས་འབུམ་མཁའ་སྔོན་སོགས་སྨན་རྒྱུད་དཀར་ནག་ཁྲ་གསུམ། གཙུག་ལག་དཔལ་འབུམ་དཀར་པོ་སོགས། ཀུན་འབུམ་ཁྲ་བོ། གསོ་འབུམ་ནག་པོ། གཙུག་ལག་དཀར་ནག་ཁྲ་གསུམ་དང་བཅས་པ། ཨ་ད་ལྷ་སྲས་ལ་གཏད་ནས།།ཞེས་རྗེ་བཙུན་ཁྲོ་ཚང་འབྲུག་ལྷས་པུ་རང་ཤེལ་མཚོ་ནས་གཏེར་དུ་བཞེས་ཏེ། སློབ་མ་ཨ་ད་ལྷ་སྲས་ལ་སྟེར་བར་གསལ་བའི་ནང་དུ། ད་ལྟ་ངས་གོང་དུ་ལུང་འདྲེན་སའི་གཞུང་འདི་ཡི་མཚན་བྱང་གསལ་པོར་འཁོད་ཡོད།  གཏེར་སྟོན་རྗེ་བཙུན་ཁྲོ་ཚང་འབྲུག་ལྷ་མཆོག་ནི་དུས་རབས་བཅུ་པའི་མེ་འབྲུག་༩༥༦ལོར་འཁྲུངས་བར་གསལ་ཡོད། དེས་ན་ཀ་རྩོམ་འདི་ཉིད་ཆེས་སྔ་ཤོས་ཀྱི་ཀ་རྩོམ་ཞིག་ཏུ་ངོས་འཛིན་ཆོག་པ་ཡིན། གཞན་ཡང་རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ནང་དུ། ཀ་བཀའ་རྒྱུད་གསུང་རབ་འཛིན་པ་ཡི། །ཁ་ཁ་བ་ཅན་གྱི་བོད་ཡུལ་འདིར། ག་གངས་དཀར་སེང་གེའི་བུ་རྒྱུད་བཞིན། ང་ང་བདག་བྲལ་བའི་དཔལ་ཆེན་ང་། །ཞེས་ཀ་ནས་ཨ་བར་ཚང་བར་བྱས་པའི་མཁས་པ་དཔལ་ཆེན་པོའི་ཞལ་གདམ་ཞིག་ཡོད་ཅིང་། འདི་ཡང་ཀ་རྩོམ་གྱི་རྣམ་པ་ཅན་ཞིག་ཡིན། རྨེའུ་མཁས་པ་དཔལ་ཆེན་མཆོག་ནི་སྤྱི་ལོ་༡༠༥༢ལོར་སྟེ། རྗེ་ཙོང་ཁ་པ་མ་འཁྲུངས་གོང་གི་ལོ་སུམ་བརྒྱའི་སྔོན་ཙམ་ནས་སྐྱེ་བ་བཞེས་པ་རེད། དེས་ན་ཀ་རྩོམ་འདི་ཉིད་ཀྱང་ཙོང་ཁ་བའི་སྔོན་ཆད་ནས་བྱུང་ཟིན་པ་ཞིག་ཡིན་པས།  ང་ཚོས་འདི་དག་ལ་བརྟེན་ནས་བོད་ཀྱི་ཀ་རྩོམ་གྱི་བྱུང་འཕེལ་ནི་ཙོང་ཁ་པའི་རྗེས་ཙམ་ནས་མ་ཡིན་པར་ཆེས་གནའ་བོའི་དུས་ནས་ཞང་བོད་ཤེས་རིག་དང་མཉམ་དུ་བྱུང་ཡོད་ཅེས་ཐག་གཅོད་ཆོག་པ་ཡིན། དེ་ལྟར་ཀ་རྩོམ་གྱི་སྐོར་འདི་ཞོར་འཕྲོས་ཙམ་དུ་གླེང་སྟེ། ཁོ་བོས་ད་ལན་དཔྱད་རྩོམ་ཐུང་ངུ་འདི་བྲིས་ནས་གནའ་བོའི་བོད་ཀྱི་སྲོལ་རྒྱུན་གྱི་སྒྲ་རྒྱན་དང་། མེ་ལུགས་ཀྱི་སྒྲ་རྒྱན་གཉིས་བར་གྱི་ཁྱད་པར་སྐོར་ལ་བསམ་གཞིག་ཕྲན་བུ་བྱས་ཡོད་པའི་ཁུལ་ཡིན་མོད། འདིའི་ནང་བསམ་མནོའི་རྒྱུ་ཆ་མ་འདང་བ་དང་དབྱེ་ཞིབ་མ་འཚམ་པ་སོགས་ཀྱི་རིགས་མང་དུ་ཡོད་ངེས་པས་ཀློག་པ་པོ་རྣམ་པར་བཟོད་གསོལ་ཞུ་རྒྱུ་ཡིན། །

(སྤྱིའི་གཟིགས་གྲངས། 250 དེ་རིང་། 1)
Pages: 1 2 3 4 5 6

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
<མེ་ལུག…
error: རྩོམ་འདི་བདག་དབང་ཅན་ཡིན།