ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྒྲ་རྒྱན་ལས་འཕྲོས་པའི་དཔྱད་གླེང་། ༼སྨད་ཆ།༽

    <<ཉེ་ལམ་སྡེ་བཞིའི་གཡང་འབོད་ཀྱི་ལེའུ་ལས།>>ལོ་ལྷ་དཔལ་མགོན་སྡེ་བརྒྱད་ཡུལ་ལྷ་རྣམས། །ཕྱྭ་གཡང་བསོད་ནམས་འཕེལ་བའི་སྡོང་གྲོགས་མཛོད། །གཡང་གི་མཚོ་མོ་ཀྱི་ལི་ལི། །བདུད་རྩིའི་ཟིལ་ཐིགས་ཤ་ར་ར། །མི་དཔའ་རྟ་མགྱོག་ཁྲིགས་སེ་ཁྲིག །ཟད་མེད་གཏེར་ཆེན་དཔུངས་སེ་དཔུང་། །རྟ་ལུག་འབྲི་ནོར་སྒ་ར་ར། །འོ་མའི་རྒྱ་མཚོ་མེ་རེ་རེ། །གཡུ་འབྲང་སྨན་མཚོ་མེ་རེ་རེ། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །མདའ་དར་རིན་ཆེན་སྣ་ལྔས་གཡབ། །ཅེས་པ་འདི་ལྟ་བུ་ལ་མཚོན་ན། སྤྱིར་ཚིག་གི་སྡེབ་སྦྱོར་མཛེས་ཤིང་རྣ་བར་འཇེབ་པ་དང་དཔེ་དང་དཔེ་ཅན་སྦྱར་སྟངས་སོགས་ལ་དཔྱད་ན་ཡང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྙན་ངག་གི་སྒྱུ་རྩལ་ཕུན་སུམ་ཚོགས་ཤིང་། ཁྱད་པར་དུ་སྒྲ་རྒྱན་གྱི་འགྲོས་རྨད་དུ་བྱུང་བ་ཞིག་ཡིན་ཏེ། ཀློག་པའི་ཚེ་དེ་སྔོན་ནས་བྱང་མྱོང་བ་ལྟ་བུའི་ངག་ལ་བདེ་བ་དང་། བརྗོད་བྱ་ཁ་གསལ་ཞིང་མཐོ་དམན་སུས་ཀྱང་གོ་སླ་བ་དང་། ཟུང་ལྡན་གྱི་ཚིག་དེ་དག་རྐང་པ་རེ་རེའི་ནང་གི་བརྗོད་དོན་དང་འོས་ཤིང་འཚམ་པ་སྟེ།  དཔེར་ན་རྐང་པ་དང་པོའི་ནང་དུ་བརྗོད་བྱ་ཕྱྭ་གཡང་དེ་ཉིད་དཔེ་མཚོ་མོ་ལ་སྦྱར་ཏེ་དེ་ཉིད་འཁྱིལ་བ་སྟོན་བྱེད་དུ་ཀྱི་ལི་ལི་ཞེས་པའི་ཚིག་དེས། ང་ཚོ་བཀླགས་པ་ཙམ་གྱིས་བློ་ངོར་མཚོ་མོ་བཞིན་དུ་འཁྱིལ་ཡོད་པ་ཁྲ་ལམ་མེར་འཆར་དུ་བཅུག་པ་དང་། དེ་བཞིན་དུ་རྐང་པ་གཉིས་པའི་ནང་དུ་བརྗོད་བྱ་བདུད་རྩི་ལ་ཟིལ་ཐིགས་ཀྱིས་དཔེ་བྱས་ཏེ། དེ་ཉིད་འབབ་ཡོང་བར་སྟོན་བྱེད་དུ་ཤ་ར་ར་ཞེས་སྦྱར་ཡོད་པའང་གོང་བཞིན་ཤིན་ཏུ་འཚམ་ལ་གོ་སླ་བར་གྱུར་ཡོད། སྐྱོར་ཟློས་ཀྱི་སྐྱོན་ཡང་མ་མཆིས་ཏེ། དཔེར་ན་གོང་གི་མི་དཔའ་རྟ་མགྱོགས་ཁྲིགས་སེ་ཁྲིག ཅེས་དང་། ཟད་མེད་གཏེར་ཆེན་དཔུངས་སེ་དཔུང་། །ཞེས་པ་ལྟ་བུ་ལ་ཁྲིགས་སེ། དཔུངས་སེ། གཅིག་པུ་སྨོས་ཚེ་ཚིག་རྐང་སོ་སོའི་ནང་གི་དོན་ཆ་ཚང་།བ་ཞིག་ང་ཚོའི་བློ་ངོར་འཆར་མི་ཐུབ་པའམ་འཆར་མི་བདེ་བར་འགྱུར་བ་དང་། ད་དུང་ཡང་གཅིག་ལྷག་སོང་བ་ལྟ་བུའི་སྣང་བ་སྟེར་ཡོང་ཞིང་། དེ་ལ་ཡང་བསྐྱར་ཚིག་རྗེས་མ་དེ་བསྣན་ནས། ཁྲིགས་སེ་ཁྲིག དཔུངས་སེ་དཔུང་། །ཞེས་སྨོས་ན་དོན་རྗོགས་པར་བདེ་བླག་ངང་སྟོན་ནུས་པས་དོན་དེ་ཉིད་སྟོན་པར་བྱེད་པ་ལ་ཟུང་ལྡན་གྱི་ཚིག་དེ་གཉིས་ལྷན་དུ་མ་སྦྱར་བར་ཐབས་མེད་པ་ལྟ་བུ་གྱུར་ཡོད། དེ་བཞིན་དུ་ཀྱི་ལི་ལི། ཤ་ར་ར། སྒ་ར་ར། མེ་རེ་རེ་སོགས་འདི་ལྟ་བུའི་ཟུང་ལྡན་གྱི་ཚིག་དེ་དག་རེ་རེ་བཞིན་དེ་ལྟ་བུའི་ཡོན་ཏན་ལས་ལོགས་སུ་མ་འདས་པས་ད་གཟོད་ཟློས་སྐྱོན་དེ་ཡང་མི་འདུག་ཅེས་སྨྲས་ན་མི་འགྲིག་པ་མི་འདུག་སྙམ། དེ་ལྟར་སྲོལ་རྒྱུན་གྱི་སྒྲ་རྒྱན་རྣམ་རེ་རེ་བཞིན་དུ་བཀླག་ན་ཡོན་ཏན་འདི་དག་མ་ཚང་བ་ཞིག་ཕལ་ཆེར་མེད་པས་མེ་ལོང་མའི་སྒྲ་རྒྱན་དང་ཁྱོན་ནས་མི་འདྲ་བའི་བོད་ཀྱི་སྒྲ་རྒྱན་འབྲི་ཐབས་ཐུན་མོང་མ་ཡིན་ཞིག་གི་བྲོ་བ་དེ་ང་ཚོས་ཤ་དང་རུས་པའི་གསེང་ནས་མྱོང་ཐུབ་པར་འདུག་གོ།

    དེ་མིན་བོད་མཁས་པའི་སྙན་ངག་ལས། །ཆོས་ཀུན་ལོངས་ལ་སྤྱོད་པའི་གསུང་སྙན་སྙན། །ཕྱག་སོར་གདུ་བུ་འཐབ་པའི་སྒྲ་སྙན་སྙན། །དྲི་ཟའི་པི་ཝང་སྦྲེང་བའི་དབྱངས་སྙན་སྙན། །ཀུན་ནས་བློ་མཆོག་སྩོལ་བའི་གྲགས་སྙན་སྙན། །ཞེས་ཟུང་ལྡན་རྒྱན་གྱི་དཔེར་བརྗོད་དུ་བྲིས་མཛད་འདུག་པ་འདི། གོང་གི་གནའ་བོའི་སྒྲ་རྒྱན་རྣམས་དང་བསྡུར་ན་ཚིག་གི་སྦྱོར་སྟངས་སོགས་ཀྱི་ཐད་ནས་མི་འདྲ་ས་མང་པོ་ཡོད་པ་སྨོས་མ་དགོས་ཤིང་། ཕལ་ཆེར་གྱིས་འདི་ནིིི་སྒྲ་རྒྱན་མཆོག་ཏུ་གྱུར་པ་ཞིག་ཏུ་ངོས་འཛིན་བཞིན་ཡོད་ཚོད་ལ། དེ་ཡི་ནང་གི་ཟུང་ལྡན་གྱི་ཚིག་སྙན་སྙན་ཞེས་པ་འདི་ལ་མཚོན་ན་ཚིག་སྔ་མ་སྙན་ཞེས་པ་དེས་མ་གསལ་བ་ཞིག་ཚིག་རྗེས་མ་སྙན་ཞེས་བསྣན་པས་ཀྱང་ལྷག་པོ་གང་ཡང་གསལ་མེད་ཅིང་། ཡང་ན་སྙན་སྙན་ཞེས་སྨོས་ཚེ་སྙན་པའི་སྙན་པ་ཞེས་གོ་རྒྱུ་ཡོད་ཅེས་འགྲེལ་བརྗོད་གནང་ན་མ་གཏོགས་གཞན་དོན་རྫོགས་པར་ཚིག་སྔ་མས་སྟོན་ཟིན་ཏེ་ཚིག་ཕྱི་མ་དེ་ཉིད་ཟློས་པ་ཙམ་ལས། བརྗོད་བྱའི་ཉམས་འདོན་པ་ལ་སོགས་ལ་དམིགས་བསལ་གྱི་ཁྱད་ནུས་གང་ཡང་ཐོན་མི་འདུག་པས། སྲོལ་རྒྱུན་གྱི་སྒྲ་རྒྱན་དེ་རྣམས་དང་བསྡུར་ན་འདི་ལྟ་བུའི་རང་རེའི་སྙན་གཞུང་དེ་དག་ནང་གི་སྒྲ་རྒྱན་དུ་མ་ཞིག་ཟློས་སྐྱོན་འདུག་སྙམ་པའི་ཚོར་སྣང་ཞིག་རང་བཞིན་དུ་སྐྱེ་འོང་ངོ་། །འདིར་ད་དུང་མཚན་གཞི་ཞིག་ངོས་བཟུང་བྱས་ན། <<མ་ཏྲི་རིན་ཆེན་སྒྲོན་མའི་སྒྲུབ་གཞུང་>>ལས། ཀྱེ་བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། གླུད་དང་ཡས་སུ་བསྔོ་བ་ནི། །སྐུ་གླུད་ངར་མི་རྒྱན་ལྡན་འདི། །ཕོ་གླུད་སྐྱེས་པ་རྒྱན་དང་ལྡན། །སྟག་རལ་གཟིག་ཤུབ་ཡ་ལད་སྐོར། །གོ་ཆ་རྒྱན་ཆ་སི་ལི་ལི། །རྟ་རྒྱུག་མདའ་འཕེན་ཤ་ར་ར། །མོ་གླུད་བཙུན་མོ་ཆས་དང་ལྡན། །དར་ཟབ་ན་བཟའ་སྤུ་རུ་རུ། །གསེར་གཡུའི་རྒྱན་ཆ་སི་ལི་ལི། །གླུ་ལེན་བལ་འཁེལ་ཀྱུ་རུ་རུ། །ཆུང་གླུད་བྱིས་པ་ལྟ་ན་སྡུག །མཚར་བཞད་འཛུམ་མདང་མུ་ལུ་ལུ། །རྩེད་འཇོ་གར་སྟབས་ལོག་གེ་ལོག །ཕོ་ཏོང་མོ་ཏོང་འཁོར་དང་གཡོག །འདོད་ཡོན་སྣ་ཚོགས་ཐིབས་སེ་ཐིབ། །འཆི་བདག་ཁྱོད་ལ་གླུད་དུ་འབུལ། །བདག་དང་རྒྱུུ་སྦྱོར་ཡོན་བདག་གིས། །ཚེ་སྐྱིན་སྲོག་གླུད་དམ་པ་འདི། །འབུལ་བ་ང་ཡིས་མི་ནོར་ལ། བཞེས་པ་ཁྱོད་ཀྱིས་མ་ནོར་བར། །གླུད་ཡས་དམ་པ་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས། །བཟུང་བ་ཐོངས་ལ་སྡོམ་པ་གློད། །བཅིངས་པ་ཁྲོལ་ལ་མནན་པ་ཁྱོག །སོ་སོ་རང་རང་གནས་སུ་དེངས། །ཞེས་འདི་ལྟ་བུ་ནི་ཆེད་དུ་སྐྱོར་སྦྱོང་མི་དགོས་པར་བཀླགས་པ་ཙམ་གྱིས་ངག་ནས་ཆུ་ལྟར་བཞུར་འགྲོ་ཞིང་། ཚིག་མཇུག་གི་ཟུང་ལྡན་གྱི་ཚིག་དེ་རྣམས་གཙང་པོའི་ནང་གི་རྡོ་ཡིན་པའི་དབང་དུ་བཏང་ན། དེ་ཡི་བར་གསེང་རྣམས་ནས་བརྗོད་བྱའི་དོན་གྱི་རྣམ་པ་དེ་དག་ཆུ་ཡི་རྦ་རླབས་བཞིན་དུ་ལྷོག་ལྷོག་ཏུ་འཕྱུར་བཞིན་འདུག་ལ། ཡང་<<མཁའ་ཀློང་གསང་མདོས་ནང་གི་སྤྱི་རྗེ་ཁྱུང་གི་ཟིལ་གནོན་>>ཞེས་པའི་ལེའུ་ལས། ཀྱེེ་ལྷ་དང་སྲུང་མའི་གཉེན་པོ་རྣམས། །དུང་སེང་དཀར་མོ་བཞིན་དུ་འཆམ་ཞིང་འཆམ་ཞིང་སྤྱོན། །གཡུ་འབྲུག་སྔོན་མོ་བཞིན་དུ་ལྡིར་ཞིང་ལྡིར་ཞིང་སྤྱོན། །དབལ་ཁྱུང་སྔོན་མོ་བཞིན་དུ་འཕུར་ཞིང་ལྡིང་ཞིང་སྤྱོན། །སྟག་མོ་གྲུས་མ་བཞིན་དུ་འཕྱོང་ཞིང་མཆོང་བཞིན་སྤྱོན། །འབྲོང་བུ་དར་མ་བཞིན་དུ་འདུར་ཞིང་འདུར་ཞིང་སྤྱོན། ལྕགས་ཀྱི་དོམ་ནག་བཞིན་དུ་རྒྱུག་ཅིང་འདྲལ་ཞིང་སྤྱོན།། ཞེས་པའི་སྒྲ་རྒྱན་འདིས་བརྗོད་བྱའི་རེ་རེའི་རྣམ་འགྱུར་མི་འདྲ་བ་དེ་དག་ཚིག་སྦྱོར་སོ་སོས་མ་འདྲེས་པར་། གསོན་ཉམས་དང་ལྡན་པར་བསྟན་འདུག་པས་འདི་ལྟ་བུ་ནི་སྒྲ་རྒྱན་གྱི་མཚན་གཞི་ཡང་དག་པ་ཞིག་ཡིན་ནོ།།

    གང་ལྟར་སྲོལ་རྒྱུན་གྱི་སྒྲ་རྒྱན་རྣམས་ནི་སྙན་ངག་མེ་ལོང་མའི་ཚིག་འགྲོས་དང་མི་འདྲ་བར་བོད་རང་གི་སྐད་དང་ཧ་ཅང་འཚམ་ལ་བབ་ཆགས་ཤིང་མེ་ལུགས་ཀྱི་སྒྲ་རྒྱན་རྣམས་ནི་རྒྱ་གར་སྐད་ལས་བོད་སྐད་དུ་བསྒྱུར་བ་ཡིན་པས་རྒྱ་གར་བའི་ངོར་སྙན་པོ་ཡོད་སྲིད་ཀྱང་། བོད་རང་གི་སྐད་ཆའི་ཚིག་འགྲོས་དང་དབྱངས་འགྲོས་ཀྱི་ཡོན་ཏན་མི་ལྡན་ཞིང་། སྒྲ་རྒྱན་ཕལ་ཆེ་བ་ཞིག་གིས་དགའ་སྐྱོ་ཆགས་སྡང་གི་ཚོར་བ་གང་ཡང་སྐྱེ་མི་ནུས་སོ། །དེས་ཕྱིར་གལ་ཏེ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྲ་རྒྱན་ཞིག་འབྲི་དགོས་ན་འདི་ལྟ་བུའི་སྲོལ་རྒྱུན་གྱི་སྒྲ་རྒྱན་དག་གི་འགྲོས་ལ་ངེས་པར་དུ་སློབ་སྦྱོང་བྱ་དགོས་པར་འདུག་གོ་ཅེས་སྨྲ་བར་འདོད།།

(སྤྱིའི་གཟིགས་གྲངས། 250 དེ་རིང་། 1)
Pages: 1 2 3 4 5 6

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
<མེ་ལུག…
error: རྩོམ་འདི་བདག་དབང་ཅན་ཡིན།