ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྒྲ་རྒྱན་ལས་འཕྲོས་པའི་དཔྱད་གླེང་། ༼སྨད་ཆ།༽

དེ་མིན་མེ་ལུགས་ཀྱི་སྒྲ་རྒྱན་ནང་དུ་ཤས་ཆེར་བྲིས་ཡོད་པ་ནི། མཛེས་མཛེས་དང་། མཁས་མཁས། སྙན་སྙན། ལེགས་ལེགས། བརྗིད་བརྗིད། བརྟན་བརྟན། གསལ་གསལ། འདི་ལྟ་བུའི་ཟློས་སྒྲའི་ཚིག་རྣམས་ཡིན་ཞིང་། འདི་ལྟ་བུའི་ཟློས་ཚིག་གི་རྣམ་གྲངས་ཧ་ཅང་མང་པོ་ཡོད་པ་དེ་དག་གིས་བརྗོད་བྱ་སྟོན་མི་ཐུབ་པ་མ་ཡིན་ཀྱང་། ནམ་རྒྱུན་བོད་ཀྱི་སྐད་ཆའི་ཁྲོད་དུ་བེད་སྤྱོད་ཆེར་མི་བྱེད་ལ་གནའ་བོའི་སྒྲ་རྒྱན་ནང་དུ་ཡང་འདི་འདྲ་བའི་ཟློས་ཚིག་བྲིས་པ་ཧ་ཅང་ཉུང་ཉུང་ཡིན་པས་འདི་དག་ནི་མེ་ལུགས་ཀྱི་སྒྲ་རྒྱན་ནང་དུ་བཀོལ་ཡོད་པའི་ཟློས་ཚིག་དམིགས་བསལ་ཅན་ཞིག་ཡིན་ནོ། ཟློས་ཚིག་འདི་དག་ནི་མེ་ལུགས་ཀྱི་སྙན་གཞུང་རྩོམ་མཁན་རྣམས་ཀྱིས་གསར་བཟོ་བྱས་པ་ཞིག་ཡིན་པར་སེམས་ཏེ་གནའ་རྩོམ་རྣམས་ཀྱི་ནང་དུ་ཟློས་ཚིག་འདི་འདྲའི་རིགས་བྲིས་པ་ཕལ་ཆེར་མ་མེད། །བརྗོད་བྱའི་དོན་དང་སྦྱར་ནས་ཚིག་སྦྱོར་སྤེལ་བའི་ཚེ་ཡང་། གནའ་བོའི་ཟློས་ཚིག་དེ་དག་ལ་མ་བཅོས་རང་བྱུང་གི་ཉམས་ཤིག་དང་། བརྗོད་བྱ་གསོན་ཉམས་དང་ལྡན་པ་ཡོང་བ་སོགས་ཀྱི་ཡོན་ཏན་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་མྱོང་བས་གྲུབ་བོ། །ད་དུང་གནའ་བོའི་སྒྲ་རྒྱན་རྣམས་ཀྱི་ནང་དུ་ཟློས་སྒྲའི་ཚིག་ཐུན་མོང་མ་ཡིན་པ་གཞན་ཞིག་བཀོལ་ཡོད་པ་ནི། གོང་དུ་བཀོད་པའི་སྒྲ་རྒྱན་དེ་རྣམས་ཀྱི་ནང་གི་ཁྱུགས་སེ་ཁྱུག ལྡེམས་སེ་ལྡེམ། ལྷངས་སེ་ལྷང་། ཁྲིགས་སེ་ཁྲིག  ཐེབས་སེ་ཐེབ། ཧྲིགས་སེ་ཧྲིག ལོག་གེ་ལོག འདི་ལྟ་བུའི་ཟློས་སྒྲའི་ཚིག་དེ་རྣམས་ཡིན། ཟློས་སྒྲའི་ཚིག་འདི་ལྟ་བུའི་སྒོ་ནས་སྒྲ་རྒྱན་འབྲི་ཐབས་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྲ་རྒྱན་འབྲི་ཐབས་ཤིག་ཡིན་འདུག་སྟེ། དམངས་ཁྲོད་ཀྱི་གཞས་དང་། སྒྲུང་། མགུར་མ་སོགས་ཀྱི་ནང་གི་སྒྲ་རྒྱན་དུ་མ་ཞིག་འདི་ལྟར་རང་ཡིན་འདུག་ཅིང་།  སྙན་ངག་མེ་ལོང་མའི་འགྲོས་ཀྱི་སྒྲ་རྒྱན་ལ་འདི་ལྟ་བུའི་ཟློས་ཚིག་སྦྱར་སྲོལ་མི་འདུག་པས་ཟློས་ཚིག་འདི་དག་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ནང་གི་སྒྲ་རྒྱན་གྱི་མཚོན་ཐབས་ཤིག་རེད་འདུག་གོ།

    དེ་ལྟ་བུའི་གནའ་བོའི་སྒྲ་རྒྱན་འབྲི་ཐབས་ལས་བརྩམས་པའི་རྒྱན་ཐུན་མོང་མ་ཡིན་པ་ཞིག་རྗེ་མཉམ་མེད་ཆེན་པོས་བསང་གི་མཁྱེན་གསོལ་རྣམ་དག་ཆུ་རྒྱུན་ནང་དུ་བྲིས་མཛད་འདུག་པ་འདི་ལྟར། བསྭོ་བསྐང་ངོ་ལྷ་སྲུང་ཐུགས་དམ་བསྐང་། །བསྐང་བའི་དམ་རྫས་སྣ་ཚོགས་འདིས། །ཚུལ་ཁྲིམས་ས་གཞི་ཝངས་སེ་ཝང་། །ཏིང་འཛིན་རི་བོ་ཟངས་སེ་ཟང་། །ཤེས་རབ་དཔག་བསམ་ལྡེམས་སེ་ལྡེམ། །ཐོས་པའི་རྒྱ་མཚོ་མེ་རེ་རེ། །བསམ་པའི་རྦ་རླབས་ཀྱི་ལི་ལི།། སྒོམ་རྟོགས་ནོར་བུ་བུངས་སེ་བུང་། །འཆད་པའི་འབྲུག་སྒྲ་ལྡི་རི་རི། །རྩོམ་པའི་གཡུ་བུན་ཐུ་ལུ་ལུ། །རྩོད་པའི་ཐོག་སྒྲ་ཆེམས་སེ་ཆེམ། །བསྐྱེད་པའི་སྐར་ཚོགས་ཁྲ་ལ་ལ། །རྫོགས་པའི་གཞའ་འོད་ལམས་སེ་ལམ། །ཟུང་འཇུག་ཉི་ཟླ་ལྷགས་སེ་ལྷག །བསྙེན་པའི་སྤྲིན་དཔུང་ཐིབས་སེ་ཐིབ། །བསྒྲུབ་པའི་ཆར་རྒྱུན་སི་ལི་ལི། །ལས་སྦྱོར་གློག་དམར་ཁྱུགས་སེ་ཁྱུག །ལྟ་བའི་ཞུགས་མར་ཡ་ལ་ལ། །སྤྱོད་པའི་སྒྲ་བརྙན་ཁྲོ་ལོ་ལོ། །སྒོམ་པའི་དྲི་གསུར་ཅི་ལི་ལི། །དམ་ཚིག་ཡོན་ཆབ་འཁྱིལ་དེ་འཁྱིལ། །འཕྲིན་ལས་འཕེན་དར་ལྷུབས་སེ་ལྷུབ། །གསལ་བའི་མེ་ཏོག་ཝལ་ཏེ་ཝལ། །བདེ་བའི་གར་སྟབས་ལོགས་སེ་ལོག །མི་རྟོག་གཏེར་ཆེན་ལྷུབས་སེ་ལྷུབ། །དུག་ལྔའི་དབལ་གཏོར་ཟངས་སེ་ཟང་། །གཏི་མུག་ཤ་རི་ལིངས་སེ་ལིང་། །འདོད་ཆགས་ཁྲག་མཚོ་ཀྱི་ལི་ལི། །ཞེ་སྡང་རུས་བྲག་ཧྲངས་སེ་ཧྲང་། །གསལ་སྟོང་སྨན་མཆོད་མེ་རེ་རེ། །གྲགས་སྟོང་འཛབ་དབྱངས་འུ་རུ་རུ། །རིག་སྟོང་ཚོགས་ཆེན་སྤུངས་སེ་སྤུང་། །བདེ་སྟོང་སྦྱོར་བ་ཕྱོད་དེ་ཕྱོད། །སྣང་སྟོང་སྒྲོལ་བ་ཤིགས་སེ་ཤིག །སྐྱེ་མེད་ལྷ་མོ་དུན་ནེ་དུན། །འགག་མེད་ལྷ་སྲས་ཁྲིགས་སེ་ཁྲིག །འདི་ལྟར་བླ་མེད་མཆོད་སྤྲིན་འདིས། །དཔོན་གསས་རིག་འཛིན་ཐུགས་དམ་བསྐང་། །ཞེས་པ་འདིའོ། །ཚིགས་བཅད་འདི་ཉིད་འགོ་ནས་མར་ཀློག་པའི་ཚེ། མ་བཅོས་ལྷུན་གྲུབ་ལྟ་བུའི་ཚིག་སྦྱོར་ཐུན་མོང་མ་ཡིན་པ་ཞིག་འདུག་པས་འདི་ལྟ་བུ་ནི་སྒྲ་རྒྱན་གྱི་ཕུལ་དུ་བྱུང་བ་ཞིག་ཏུ་བསམ་བཞིན་ཡོད། །

(སྤྱིའི་གཟིགས་གྲངས། 250 དེ་རིང་། 1)
Pages: 1 2 3 4 5 6

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
<མེ་ལུག…
error: རྩོམ་འདི་བདག་དབང་ཅན་ཡིན།