ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེའི་གཤེན་གྱི་དགུ་གཏོར་ཆེན་མོ།

བོད་ཟླ་བཅུ་གཉིས་པའི་ནང་རྒྱལ་བ་སྨན་རི་ཚང་གི་ལུགས་སྲོལ་ལྟར་བོད་གྱི་བོན་དགོན་ཕལ་ཆེར་གྱིས་གཤེན་གྱི་དགུ་གཏོར་ཆེན་མོ་འདི་གལ་ཆེན་བརྩི་ནས་འཚོགས་སྲོལ་ཡོད། དགུ་གཏོར་འཚོགས་རྒྱུ་རིགས་མི་འདྲ་བ་མང་པོ་ཡོད་ཀྱང་། ཁྲོ་ཕུར་གྱི་དགུ་གཏོར་ནི་འཚོགས་མཁན་མང་ཤོས་དེ་རེད། བོད་དུ་དུས་འགྱུར་རྗེས་སྨྲ་སེང་ཡོངས་འཛིན་ཆེན་མོས་གདན་ས་ཁྲི་བརྟན་ནོར་བུ་རྩེ་འདི་ཕྱག་བཏབ་ནས་ད་བར་དགུ་གཏོར་བར་མ་ཆད་ནས་འཚོགས་བསྡད་པ་རེད། ཁྲོ་ཕུར་གྱི་དགུ་གཏོར་འདི་མ་འཚོགས་པའི་གོང་ཧོར་ཟླ་བཅུ་པའི་ནང་གར་འཆམ་དང་ཁྲོ་ཕུར་གཉིས་ཀྱི་གྱེར་ཆེན་ལོ་ལྟར་སྦྱང་བརྡར་བྱེད་ཀྱི་ཡོད་ལ། ཧོར་ཟླ་བཅུ་གཉིས་པའི་ཉི་ཤུ་ལྔ་ཉིན་མོར་སྔ་དྲོ་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་འཆམ་རྒྱུགས་དང་ཕྱི་དྲོ་ཁྲོ་ཕུར་གཉིས་ཀྱི་གྱེར་ཆེན་རྒྱུགས་སྤྲོད་བྱེད་དགོས་པ་རེད། ཉི་ཤུ་ལྔ་ཉིན་མོར་དགུ་གཏོར་བཅའ་བཟོ་བྱེད་པའི་དུས་ཡིན་ལ།སྒྲུབ་ཁང་ནང་དུ་ཕུར་པའི་བཟློག་པ་བཅའ་བ་དང་འཚོགས་ཁང་དུ་ཁྲོ་ཕུར་གཉིས་ཀྱི་མཆོད་བཟོ་དང་ཟུར་དུ་བྱས་པ་རེད། ཉི་ཤུ་བདུན་ནས་དགུ་བར་གཞུང་བསྲངས་པ་ཡིན་ལ། དེ་ལ་འདོན་ཚོ་གསུམ་བྱེད་དེ་གཤེན་བསྟན་དར་རྒྱས་གླིང་གི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་སྒྲུབ་ཁང་ནང་དུ་ཕུར་པའི་སྲུང་ཟློག་འདོན་གྱི་ཡོད་ལ། འཚོགས་ཁང་ནང་དུ་ཁྲོ་གྲལ་ཕུར་གྲལ་གཉིས་སུ་བྱས་ནས་རྒྱལ་བ་མཉམ་མེད་ཆེན་པོ་སྙན་བརྒྱུད་ཁྲོ་ཕུར་གཉིས་ཀྱི་གྱེར་ཆེན་རྒྱག་དགོས་པ་རེད། ཚོགས་ཁང་ནང་དུ་བཤད་སྒྲུབ་དཔོན་སློབ་རིན་པོ་ཆེ་དབུ་བཞུགས་ཐོག་དགུ་གཏོར་གསུངས་ཏེ། ཉིན་དང་པོ་ཁྲོ་ཕུར་གཉིས་སྦྲགས་ནས་ཁྲོ་ཕུར་གཉིས་ཀྱི་གྱེར་ཆེན་ཆ་ཚང་དང་། ཉིན་གཉིས་པ་ལ་ཕུར་པའི་གཞུང་བསྲངས་ཏེ་ཕུར་པའི་གྱེར་ཆེན་བརྒྱབ་ནས་དགོངས་མོ་བཀའ་སྐྱོང་གདངས་གྱེར་དང་གཏོར་འབུལ་བཅས་ཚར་དགོས། ཉིན་གསུམ་པ་ཞོགས་པ་ཁྲོ་ཕུར་གཉིས་ཀྱི་གཞུང་ཤར་འདོན་ཚར་གཅིག་དང་། དེ་མཚམས་སྒྲུབ་གཤེན་རྣམས་ཀྱིས་དབུ་ཞྭ་མནབ་ནས་ཕྱག་ན་ཕྱག་ཆ་བསྣམས་ཏེ་ཕུར་པའི་སྐུ་བསྟོད་དང་ལས་སྦྱོར་བཅས་ཚར་ནས་བཀའ་སྐྱོང་གྱེར། ཉིན་གསུམ་པའི་ཕྱག་ཚོད་༡།༣༠ཐོག་དད་ལྡན་སྐྱ་སེར་མི་མང་ཚང་མ་ལྷན་འཛོམས་འོག་འཆམ་པས་བསྒྲགས་བསྟབས་འཆམས་ཏེ། སྒོ་འཆོར་ནང་གཏོར་འབུལ་གྱེར་བ་དང་། སྒྲུབ་ཁང་ནང་ཕུར་པའི་སྲུང་ཟློག་གི་སྨད་ལས་ཚར་ནས་བཟློག་པ་འཆད་རའི་ནང་གདན་འདྲེན་ཞུས་ནས་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་མི་མང་ལ་ཁྲུས་དང་བཟློག་དབང་བཅས་གནང་།གྲྭ་མང་རྣམས་སེར་ཕྲེང་ཕེབས་ཏེ་འཆམ་པ་རྣམས་ཀྱི་གཤེན་རབ་དགུ་འཆམ་འཆམས་ནས་སྒྲུབ་ཁང་གི་རྟེན་དར་སྤྱན་དྲངས་ཏེ་ཟློག་པ་བརྒྱབ་ཅིང་ཕོ་མ་རོལ་ཆེན་གྱི་མདུང་བྲོ་བརྡུང་། དེ་ནས་ལྷ་རྒྱལ་གསོལ་བ་དང་བཀྲ་ཤིས་གཤེགས་བསྐྱོད་བཅས་མཛད། མཆོག་ལྔའི་ལྷ་ཁང་ནང་གྲྭ་པ་ཁ་ཤས་ཀྱིས་བསྐང་འབུམ་གསུངས་པ་རེད། རྩ་བའི་དགུ་གཏོར་འཚོགས་པའི་དམིགས་སྒོ་ནི་སེམས་ཅན་བདེ་སྐྱིད་ཀྱི་ཆེད་དུ་སྟེ། རྒྱལ་ཁམས་ཀྱི་ནད་མུག་འཁྲུག་རྩོད་ཞི་བ་དང་། རང་གཞན་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པའི་མཐུན་རྐྱེན་དགེ་བའི་བསྐུལ་མ་ཞིག་དང་། ཁྱད་པར་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་བར་ཆོད་བྱེད་པའི་སྡང་དགྲ་གནོད་བགེགས་ཐམས་ཅད་ཞི་བདེ་སངས་རྒྱས་ཀྱི་སར་འགོད་པ་བྱེད་པའི་ཐབས་ལམ་ཞིག་ཡིན། དེ་ཡང་ཁྲི་བརྟན་ནོར་རྩེ་རུ་གཞི་རིམ་སློབ་གྲྭའི་དགེ་སློབ་རྣམས་ཀྱིས་ཧོར་ཟླ་༡༢ཚེས་༢༧ནས་༢༩བར་ཉིན་མོ་གསུམ་གྱི་རིང་ལ་ལྷ་བསང་དང་ཀུན་གསལ་བྱམས་མ་སྟག་ལྷ་བཅུད་དྲིལ་བསགས་པ་བཅས་གཤེན་གྱི་དགུ་གཏོར་ཆེན་མོའི་སྤྱི་རིམ་སྒྲུབ་པ་གནས་བསྡུས་སུ་བསོད་ནམས་དབང་གྲགས་ཀྱིས་ཕྱི་ལོ་ ༢༠༢༢ ༠༣ ༠༡ ཉིན་བྲིས།

མེ་ལོང་ཡེ་ཤེས་ཀྱི་དྲ་བའི་གཙོ་སྒྲུབ་པས་ ༢༠༢༢ ༣ ༡ ཉིན་སྤེལ།། །།

པར་པ་རླུང་བུ།

(སྤྱིའི་གཟིགས་གྲངས། 541 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།