ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་༢༠༢༢ལོར་བཤད་སྒྲུབ་འདུས་སྡེའི་འཛིན་རིམ་འོག་མ་དང་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་བཅས་ཀྱི་ཞང་བོད་ཡིག་གཟུགས་འགྲན་བསྡུར་དང་འགྲེམ་སྟོན་གནང་བ།

རྫོགས་པའི་སངས་རྒྱས་གཤེན་རབ་མི་བོའི་ཞལ་ནས།

ཤེས་བྱ་ཀུན་གྱི་ཐོག་མ་རུ། །ཤེས་པའི་གཞི་མ་ཡི་གེ་བསླབ། །མི་ཤེས་ལྐུགས་པ་ཡི་གེས་དཀྲོལ། །མི་ཤེས་རྨུགས་པ་ཡི་གེས་སེལ། །རིག་པའི་སྒྲོན་མེ་ཡི་གེས་འདེགས། །དེ་ཕྱིར་ཡི་གེའི་རྒྱུད་བསྟན་ནས། །ཤེས་བྱ་ཀུན་གྱི་གཞི་མ་ཡིན། །ཞེས་གསུངས་པ་ལྟར། ཤེས་བྱ་རིག་པའི་གནས་གང་ཞིག་གི་ཐོག་མ་ཡི་གེ་བསླབ་དགོས་པ་དང་། ཡོན་ཏན་ཀུན་གྱི་རྩ་བ་འབྲི་ཀློག་གཉིས་ཡིན་པ་ཡོངས་སུ་གྲགས་པ་ལྟར། འདི་ག་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཛིན་རིམ་འོག་མ་ཚོའི་བྲིས་གཟུགས་ཡར་རྒྱས་དང་དོ་དབྱིངས་ཡོང་བའི་ཆེད་སྔ་ལོ་དགེ་རྒན་ལྷན་ཚོགས་ཀྱིས་ཞང་བོད་ཡིག་འགྲན་བསྡུར་དང་འགྲེམ་སྟོན་གནང་ན་ཕན་ཐོག་ཆེན་པོ་ཡོད་ཚུལ་གསུངས་ནས་གྲོས་ཆོད་བཞག་པ་ལྟར་༢༠༢༡། ༠༤། ༣༠། བོད་ཀྱི་ཡིག་གཟུགས་དུས་ཆེན་ཉིན་ཡིག་གཟུགས་འགྲན་བསྡུར་དང་འགྲེམ་སྟོན་གནང་བ་ལྟར། འདི་ལོ་༢༠༢༢་ལོ་ཡང་དེ་ལྟ་བྱ་རྒྱུའི་རིག་གནས་དགེ་རྒན་རྣམས་པས་གོ་སྒྲིག་ཞུས་གནང་། འབྲི་རྒྱུའི་ཡིག་གཟུགས་ནི། འཁྱུག གཟབ། འབྲུ་ཚ། ལྗིབ། འབྲུ་མ། ཚུགས་རིང་ཐུང་། ཞང་ཞུང་གི་སྨར་ཆུང་བཅས་ཡིན་ལ། ཤོག་བུའི་ཚད་ནི་A4 ཐོག་བོད་ཀྱི་སྲོལ་རྒྱུན་ལྟར་སྣག་སྨྱུག་གིས་འབྲི་དགོས་པ་དང་། འབྲི་རྒྱུའི་ཡི་གེ་ནི་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་ལྗགས་རྩོམ་གནང་བའི་དབྱངས་གསལ་ཚང་བའི་ཤོ་ལོ་ཀ་འདི་རེད།

ཨ་ཁ་བསམ་པར་དཀའ་བཞིན་ཟ་ཆུ་དང་།།

ཞྭ་གོས་ཚ་གྲང་མ་འཛེམས་ཤེས་རབ་ལ།།

ཉེར་བར་བརྩོན་ན་ཡུན་རིང་ཅི་ཐོགས་ཏེ།།

ཧ་ལམ་ཇི་འདོད་ཨ་ཝེར་མདུན་དུ་འཕུང་།།

ཞེས་པ་འདི་ཡིན། དེ་ཡང་བོད་ཀྱི་ཡིག་གཟུགས་ཀྱི་དུས་ཆེན་གྱི་སྔ་ཉིན་ནས་ཡིག་གཟུགས་རྣམས་རིག་གནས་འགན་འཛིན་གྱི་ཕྱག་ཏུ་འཕྲོད་ཐུབ་པ་བྱ་དགོས་པ་དང་།  དེ་ནས་ཡིག་གཟུགས་དགེ་རྒན་རྣམ་པས་དཔྱད་བདམ་བྱས་ཏེ་ཡིག་གཟུགས་སྣ་ཁ་རེ་ནས་རྩེ་ཕུད་རེ་དང་། གཞན་ཨང་རིམ་དང་པོའི་སྡེ་དང་། གཉིས་པའི་སྡེ། གསུམ་པའི་སྡེ་བཅས་གསུམ་དུ་ཕྱེས་ནས་གནང་། རྩེ་ཕུད་ཐོབ་མཁན་ཚོ་ལ་བྱ་དགའ་བཤད་སྒྲུབ་འདུས་སྡེའི་ལོ་འཁོར་མཇུག་བསྡོམས་སྐབས་སུ་འཕུལ་འཆར་རེད་འདུག། སྤྱི་ལོ་༢༠༢༢ཟླ་བ་། ༠༤ ཚེས་༣༠བོད་ཀྱི་ཡིག་གཟུགས་དུས་ཆེན་ཉིན་སྔ་དྲོ་དངོས་སུ་འཆད་རའི་ཐོག་ཏུ་འགྲེམ་སྟོན་གནང་སྟེ། སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་དང་། སྒྲུབ་གྲྭའི་མཁན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་གཉིས། རྩ་འཛིན་སློབ་དཔོན་རྣམ་པ། དགོན་གྱི་ལས་འཛིན། གྲྭ་མང་འདུས་པ་རྒྱ་མཚོ། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་ཕྲུག། གཞི་རིམ་སྔོན་འགྲོ་སློབ་གྲྭའི་སློབ་ཕྲུག་བཅས་ཀྱིས་གཟིགས་ཞིབ་གནང་སྟེ་ཞང་བོད་ཡིག་གཟུགས་འགྲན་བསྡུར་དང་འགྲེམ་སྟོན་ལེགས་གྲུབ་བྱུང་བ་བཅས་ཀྱི་གནས་བསྡུས་སུ་ཁྱུང་ཁྲི་ལྡེས་༢༠༢༢ ༠༤   ༣༠ བྲིས།། །།

པར་པ་དགེ་བཤེས་བློ་གྲོས་འོད་གསལ།

(སྤྱིའི་གཟིགས་གྲངས། 234 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དེ་ཡང་ཕྱི་…
error: རྩོམ་འདི་བདག་དབང་ཅན་ཡིན།