ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཤེན་རབ་ཀྱིས་གདམས་པའི་ལེགས་བཤད་ཕྱོགས་བཀོད།

________བསྡུ་སྒྲིག་པ་སྐྱ་ཀ་ཁྲ་བོ།

<<སྔོན་གླེང་གཏམ་ཐུང་།>>

གཟི་བརྗིད་སྐད་འགྱུར་སོ་སོའི་བོན་བསྟན་པའི་མདོ་ལས། “སྲིད་པས་ཅི་ལྟར་སྲིད་པ་དང་། །སྐོས་པས་ཅི་ལྟར་བསྐོས་པ་བཞིན། །ཉིད་ཀྱང་རང་མཐུན་དེ་བཞིན་མཛད། ”ཅེས་སྲིད་པའི་རྒྱལ་པོ་སངས་པོ་འབུམ་ཁྲིས་སྟོན་པ་མཆོག་ལ་རྨད་དུ་བྱུང་བའི་བསྟོད་པ་མཛད་པ་ལྟར་གྱི་རླབས་ཆེན་གྱི་སྐྱེས་བུ་སྟེ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་དེ་ཉིད་ཀྱིས་འཇིག་རྟེན་འདིར་གཞན་དོན་གྱི་མཛད་པ་བསམ་གྱིས་མི་ཁྱབ་པ་ཞིག་བསྐྱངས་ཏེ་རྣམ་པར་དག་ལ་ཕུན་སུམ་ཚོགས་པའི་བསྟན་མཆོག་དྲི་མ་མེད་པ་འདི་ལྟ་བུ་ཞིག་རྗེས་བཞག་གནང་མཛད་པ་ན། གཟི་བརྗིད་བསྟན་པ་རྗེས་བཞག་གི་མདོ་ལས། “མཁྱེན་དང་བརྩེ་བའི་ཐུགས་དགོངས་ཤིང་། །གནས་འདིར་བྱོན་པ་རྗེས་ཡི་རངས། །འགྲོ་ཀུན་དགོངས་པ་བཀའ་དྲིན་ཆེ། ”ཞེས་ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་སྟོན་པར་བཀའ་དྲིན་བརྗོད་པ་ལྟར་དེང་འདིར་ཡང་སྟོན་པའི་རྗེས་སུ་འཇུག་པ་པོ་ཁོ་བོ་ཅག་གིས་རྣམ་པ་སྣ་ཚོགས་པའི་སྒོ་ནས་ཉིད་ཀྱི་བཀའ་དྲིན་ལ་རྗེས་དྲན་ཞུ་བ་ཅིས་མི་འོས། དེའི་ཕྱིར་ད་ལན་སྟོན་པ་བཀའ་དྲིན་ཅན་གཤེན་རབ་མི་བོ་ཆེའི་སྐུ་ཡི་འཁྲུངས་མཆོད་ཆེན་མོ་དང་བསྟུན། དུས་ཆེན་ཁྱད་པར་ཅན་འདི་ལ་སྟོན་པ་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་ཚུལ་དུ་ཉིད་ཀྱིས་གསུངས་པའི་ལེགས་བཤད་ཀྱི་སྡོམ་ཚིག་མི་ཉུང་བ་ཞིག་ཕྱོགས་སུ་བསྡུས་ཏེ་འདིར་བཀོད་པ་ནི། སྟོན་པའི་བཀའ་དྲིན་རྗེས་དྲན་ཞུ་ཚུལ་གྱི་རྣམ་པ་དམིགས་བསལ་ཞིག་ཡིན་ཞེས་སྨྲས་ནའང་མི་འོས་པ་མེད་པར་སྙམ། སྤྱིར་སྟོན་པ་མཆོག་གི་གསུང་ལ། ཀུན་འབུམ་རྩ་རྒྱུད་ལས། “གཡུང་དྲུང་བོན་ལ་བཀའ་རྒྱ་ཆེ་ཞིང་ལུང་གྲངས་མང་།” ཞེས་པ་ལྟར་ཉིད་ཀྱི་རྗེས་བཞག་གསུང་རབ་བཀའ་ཡི་པོད་ཕྲེང་དཔུང་འཐུག་ལ་གྲངས་ཚད་མང་བ་འདི་དག་གི་ཁྲོད་དུ་ཞལ་གདམ་དང་ལེགས་བཤད་རིན་ཐང་གཞལ་མཐའ་དང་བྲལ་བ་བགྲངས་ཀྱང་གྲངས་ཀྱིས་མི་ལངས་པ་ཞིག་ཡོད་མུས་ལ། ད་ལན་འདིར་ཉིད་ཀྱི་རྣམ་ཐར་རྒྱས་པ་དྲི་མེད་གཟི་བརྗིད་པོད་བཅུ་གཉིས་དང་། འབྲིང་པོ་མདོ་གཟེར་མིག་ལེའུ་བཅོ་བརྒྱད་པ་གཉིས་ནས་རང་ཉིད་ཀྱིས་གང་ལྕོགས་ཙམ་ཕྱོགས་བསྡུས་ཞུས་པ་ཡིན། དེ་ཡང་ང་ཚོས་ལེགས་བཤད་འདི་དག་མཇལ་བའི་ཚེ། བྱམས་མ་རྩ་བའི་རྒྱུད་ལས། “སེམས་ཅན་དོན་བྱ་མ་གཏོགས་པ། །སངས་རྒྱས་ལ་ནི་ལས་གཞན་མེད། ”ཅེས་དང་། གསེར་འོད་ནོར་བུ་འོད་འབར་ལས། “གཤེན་རབ་བདག་ཉིད་འོ་བརྒྱལ་ཏེ། །འགྲོ་བའི་དོན་དུ་སྐུ་མི་འཕང་། ”ཞེས་སོགས་གསུངས་པ་ལྟར་སྟོན་པ་ཉིད་ཀྱིས་མཛད་པ་གང་ཞིག་བསྐྱངས་གནང་བ་དག་འགྲོ་བ་གཞན་གྱི་དོན་ཁོ་ནའི་ཆེད་དུ་དགོངས་ཏེ་མཛད་པའི་དགོས་དོན་དང་། སྣོད་བཅུད་ཞི་བདེ། འཇིག་རྟེན་ཕན་བདེ་ཀུན་ཀའི་རྩ་བ་གཞན་ཕན་གྱི་བྱམས་དང་སྙིང་རྗེའི་རིན་ཐང་དང་ནུས་སྟོབས། དེ་དག་རྒྱུད་ལ་ཉམས་སུ་ཇི་ལྟར་ལེན་དགོས་ཚུལ་སོགས་དང་། གཞན་ཡང་སྟོན་པ་མཆོག་གིས་སེམས་ཅན་ཐམས་ཅད་ལ་ཕྱོགས་དང་རིས་སུ་མེད་པར་སྲོག་དབུགས་ཀྱིས་བསྡུས་པ་ཞིག་ཡིན་ཕན་ཆད་ཆ་མཉམ་དུ་འཇོག་པའི་གཟིགས་ཚུལ་དང་། ལྟ་བ་དང་སྤྱོད་པ་ཕྱི་ཚུལ་དང་ནང་ཁྲིམས་ཡ་མ་བྲལ་བར་བྱེད་པའི་ཉམས་ལེན་གྱི་རིམ་པའི་ཚུལ། ལྷག་པར་དུ་ཆོས་ཙམ་མ་ཡིན་པར་འཇིག་རྟེན་གྱི་བཟང་སྤྱོད་དང་ཡ་རབས་ཀྱི་བསླབ་བྱའི་ཚིག་འབྲུ་དག་ལ་བལྟས་ན་སྟོན་པ་ནི་ཆོས་ཀྱི་སྟོན་པ་ཙམ་མིན་པར་འཇིག་རྟེན་གྱི་མིག་འབྱེད་ངོ་མ་དེ་ཅི་ལ་མིན་སྙམ་པར་མཆིས། །ཉམས་ལེན་གྱི་ཆ་ནས་མཚོན་ནའང་། མདོ་གཟེར་མིག་ལས། “ཚིག་བཞི་ཚིགས་སུ་བཅད་པ་གཅིག་གི་དོན་རྟོགས་རབ་མཆོག་རྒྱལ་བ་ཡིན།” ཞེས་དང་། གཏོ་བུ་ཕོ་སྦྱང་གི་མདོ་ལས། “ཚིག་གི་ལོ་མ་གཅིག་ཏུ་རྟོགས་ན་རབ་མཆོག་རྒྱལ་བ་ཡིན།” ཞེས་གསུངས་པ་ལྟར་ལེགས་བཤད་ཀྱི་སྡོམ་ཚིག་རེའི་ནང་ཉམས་ལེན་གྱི་ཆ་ཡོངས་སུ་ཚང་བ། མི་ཚེའི་ནང་དང་ཉིན་རེའི་འཚོ་བའི་ནང་རང་གི་ཉམས་ལེན་ལ་དེ་གཅིག་པུས་ཀྱང་མི་འགྲིག་པ་མི་འདུག་སྙམ་པ་ལྟ་བུའི་རིན་ཐང་དང་བྲལ་བའི་བསླབ་བྱ་ཟད་མི་ཤེས་པར་མཆིས་པས། ད་ལན་འདི་ལ་བརྟེན་ནས་གཤེན་གྱི་བསླབ་བྱའི་ལེགས་བཤད་སྣ་རེ་ཙམ་ཁྱེད་ཀྱི་མི་ཚེའི་ནང་དང་ཉིན་རེའི་འཚོ་བའི་ཁྲོད་དུ་ཉམས་ལེན་གནང་ཐུབ་ན་དེ་ནི་གཤེན་གྱི་ལེགས་བཤད་ཕྱོགས་སུ་བཀོད་པ་འདིའི་ཆེས་མཐར་ཐུག་གི་དགོས་པ་དེ་ཉིད་ཡིན་ནོ། །འདི་ལྟ་བུའི་ལེགས་བཤད་རྣམས་སྤྱིར་བཏང་བྱས་ན་འཛམ་གླིང་མིའི་རིགས་ཀྱི་རིག་གནས་སྤྱི་ཡི་ཁྲོད་དུ་ས་ཁྱབ་གནམ་ཁྱབ་ཏུ་འགྲོ་དགོས་པའི་ཚོད་ཅིག་ལ། ཡིད་སྐྱོ་འོང་བ་ནི་རང་དང་རིགས་གཅིག་པའི་སྤྱི་ཚོགས་ཁྲོད་དུའང་ཐོས་རྒྱུ་ཉུང་བ་མ་ཟད་རང་རེའི་གྲུབ་མཐའ་འཛིན་པ་ནང་ཁུལ་དུ་ཡང་གཞན་གྱི་མཁས་པ་དེ་དང་དེའི་ལེགས་བཤད་ཅེས་ཁ་འདོན་བཞིན་བྱེད་པ་ཐོས་རྒྱུ་ཡོད་ཀྱང་སོ་སོའི་སྟོན་པའི་ལེགས་བཤད་འདི་དང་དེ་ཞེས་ངག་ནས་སྐྱོར་བ། གྱང་ངོས་སུ་བྲིས་པ། ཐོད་དུ་བཀལ་བ་སོགས་མཐོང་ཐོས་དཀོན་པོར་གྱུར་ཏེ་དེ་ཙམ་ཁྱབ་བདལ་དུ་འགྲོ་མི་ཐུབ་པ་འདི་ནི་རྒྱུ་རྐྱེན་གང་འདྲ་ཞིག་གིས་ལན་པ་ཡིན་ནམ་ལེགས་པར་སེམས་ཤིག དེས་ན་འདི་ལྟ་བུའི་གཤེན་རབ་ཀྱི་ལེགས་བཤད་རིན་ཐང་དང་བྲལ་བ་དག་ཕྱོགས་བསྡུས་ཙམ་མ་ཚད།སྐད་ཡིག་གཞན་ནང་དུའང་ཕབས་བསྒྱུར་རེ་ཐུབ་པ་བྱུང་ན་དགེ་མཚན་མི་ཆེའམ་ཞེས་རིགས་མཐུན་རྣམས་ལ་གྲོས་འདེབས་ཙམ་གྱིས་སྔོན་གླེང་ཞིག་གི་དོད་དུ་སྨྲས་ཏེ་འདི་ནས་མཚམས་འཇོག་ཞུ། །མུ་ཙུག་སྨར་རོ། །

<<མདོ་གཟེར་མིག་ལས་ཕྱུང་བ།>>

དཔང་པོའི་དྲུང་དུ་ཁས་བླང་པ། །ཁས་བླངས་མ་ཡིན་དམ་བཅའ་ཡིན། །དམ་ལས་འགལ་ན་འབྲས་བུ་ཚིག །སྐྱེ་བ་ལྔ་བརྒྱར་ངན་སོང་བརྒྱུད། །གར་སྐྱེས་བསླུ་བ་རྒྱུན་དུ་འོང་། །ད་ནི་དམ་ལས་མ་འགལ་ཞིག །ཅེས་[1]སྡིག་ཅན་གཏོ་བུ་དོད་དེ་ལ་གསུངས།

དང་པོ་འཛིན་པའི་བློ་དང་ལྡན་པ་གར་སྤྱིན་གྱི་རླན་དང་འདྲ་བ་ཞིག་དགོས་སོ། །བར་དུ་བརྟག་པའི་བློ་དང་ལྡན་པ་ས་རྡོའི་ནང་ནས་རིན་པོ་ཆེ་འཚོལ་བ་འདྲ་བ་ཞིག་དགོས་སོ། །ཐ་མ་རྟོགས་པའི་བློ་དང་ལྡན་པ་རིན་པོ་ཆེའི་ནང་ནས་ཀྱང་གསེར་རྙེད་པ་འདྲ་བ་ཞིག་དགོས་སོ། །དང་པོ་འཛིན་པའི་བློ་དང་མ་ལྡན་ན། བྲག་གི་ངོས་ལ་སྲན་མ་གཏོར་བ་དང་འདྲའོ། །བར་དུ་བརྟག་པའི་བློ་དང་མ་ལྡན་ན་མིག་ལོང་བའི་ལག་ཏུ་རྫས་ཁྲ་བོ་གཏད་པ་དང་འདྲའོ། །ཐ་མ་རྟོགས་པའི་བློ་དང་མ་ལྡན་ན་གཅོལ་ཆུང་གིས་གཞལ་ཚོན་འདེད་པ་དང་འདྲའོ། །ཞེས་[2]སྲས་གཏོ་བུ་འབུམ་སངས་ལ་གསུངས།

བར་དུ་གཅོད་པའི་བགེག་ཞེས་བྱ་བ་ནི། ཁ་དོག་དབྱིབས་སུ་གྲུབ་པའི་དངོས་པོ་གཅིག་ལ་ཡེ་ནས་མི་ཟེར་རོ། །གང་ཞིག་ཆགས་པ་འཇིག་པར་བྱེད་པ་རྣམས་ཀྱང་བགེགས་ཞེས་བྱའོ། །གང་སྟོང་པར་བགེག་པ་རྣམས་ཀྱང་བགེགས་ཞེས་བྱའོ། །ཡོད་པ་མེད་པར་བགེག་པ་རྣམས་ཀྱང་བགེགས་ཞེས་བྱའོ། །བརྟན་པར་འགྱུར་བ་བགེག་པ་རྣམས་ཀྱང་བགེགས་ཞེས་བྱའོ། །མི་ན་བར་ན་བར་བགེགས་པ་རྣམས་ཀྱང་བགེགས་ཞེས་བྱའོ། །ན་བའི་འཆི་བར་བགེགས་པ་རྣམས་ཀྱང་བགེགས་ཞེས་བྱའོ། །གྲུབ་པ་མི་འགྲུབ་པར་བྱེད་པ་རྣམས་ཀྱང་བགེགས་ཞེས་བྱའོ། །དེ་ལྟར་བགེགས་པས་བགེགས་ཞེས་ཀུན་ལ་འདོག ཅེས[3]་སྲས་གཏོ་བུ་འབུམ་སངས་ལ་གསུངས།

བགེགས་ཀྱིས་བར་དུ་གཅོད་པ་གཏོ་ཡིས་བཟློག་པ་ནི། ཇི་ལྟར་ཕན་པ་མངོན་པར་ཤེས་པས་བརྟག ཚིག་གི་ལོ་རྒྱུས་མང་པོ་ཇི་ལྟར་བདེན་པར་སྦྲེལ། སྐད་ཀྱི་གཏང་རག་མང་པོ་ཅི་ལྟར་སྙན་པར་བསྒྲགས། གཟུགས་ཀྱི་ཡ་སྟགས་ཟས་དང་ཟང་ཟིང་ཇི་ལྟར་མཛེས་པར་གཏོང་། ཏིང་ངེ་འཛིན་གྱི་རྩལ་གྱིས་ཡེ་ཤེས་ལྟར་བསྐྱེད་ལ། ཐུགས་རྗེ་ཆེན་པོས་ཡོངས་ལ་ཁྱབ་པར་བསྔོ། །ཞེས[4]་སྲས་གཏོ་བུ་འབུམ་སངས་ལ་གསུངས།

བེམ་པོའི་ལུས་ནི་འབྱུང་བ་རྣམ་བཞི་ཡིན། །ཕྲིག་པའི་སེམས་ནི་མ་རིག་རྨོངས་པས་ཕངས། མིང་གཟུགས་ཉིང་མཚམས་རྐྱེན་ནི་ལས་ཀྱི་རླུང་གིས་སྦྱར། ལུས་སེམས་དང་པོ་ལས་ཀྱིས་འཕྲད་ལུགས་དེ་ལྟར་ཤེས་པར་གྱིས། ད་ལྟར་རྐྱེན་གྱིས་འགྲོགས་པ་གནམ་བྱ་རྒྱར་འཐུམས་འདྲ། །ཐ་མར་ལས་ཀྱིས་འབྲལ་བ་འཆི་བདག་བདུད་ལྔ་ཡིས། རྒྱ་འདྲལ་བྱ་འཕུར་ཇི་བཞིན་ལུས་ཞིག་སེམས་འཕོའོ། །ཞེས[5]་སྲས་གཏོ་བུ་སོགས་ལ་གསུངས་སོ། །

ཚིག་གི་ལོ་མ་མང་པོ་མ་རྟོགས་བསྟན་ཕྱིར་ཡིན། རྟོགས་ན་ཚིག་བོར་དོན་ལ་མི་སྒོམ་ན། རང་གིས་རང་ལ་བསླུ་བར་བྱེད་སྟེ། སེམས་ཉིད་ས་ལེ་མེ་དཔུང་ནང་དུ་མཆོངས་པ་ཡིན། ཞེས་[6]སྲས་གཏོ་བུ་འབུམ་སངས་ལ་གསུངས།

 ཕན་གྱི་གདགས་ལུགས་རྣམ་པ་གཉིས་ལས་མེད། གདགས་པ་དང་ནི་གདགས་པ་ཆེན་པོའོ། །སེམས་ཅན་རྣམས་ལ་ཕན་གདགས་པ་ཞེས་བྱ་བ་ནི། བགེགས་ཀྱིས་བར་དུ་གཅོད་པ་ལ་གཏོ་ཡིས་ཕན་ནོ། །སེམས་ཅན་རྣམས་ལ་ཕན་གདགས་པ་ཆེན་པོ་ཞེས་བྱ་བ་ནི། །དུག་གིས་བར་དུ་གཅོད་པ་ལ་ཡེ་ཤེས་ཀྱིས་ཕན་ནོ། །ཞེས་[7]སྲས་གཏོ་བུ་འབུམ་སངས་ལ་གསུངས།

དལ་འབྱོར་རྙེད་པའི་དུས་འདིར་འབད་དེ་བྱུང་ཆུབ་མ་བསྒྲུབ་ན། གཙང་མ་མི་ལུས་ཐོབ་པས་ཅི་ལ་ཕན། དཔེར་ན་རྒྱ་མཚོ་ཆེན་པོའི་ནང་དུ་འདུག་ཀྱང་སྐོམ་པས་ཤི་བ་ཡིན། ག་པུར་སྨན་གྱི་སྡོང་པོའི་རྩ་རུ་ཚ་བའི་ནད་ཀྱིས་ཟིན་པ་ཡིན། སྟོན་ཀའི་ལོ་ཏོག་གསེབ་ཏུ་ལྟོགས་པར་ཉལ་བ་ཡིན། རིན་ཆེན་གླིང་ལ་ཕྱིན་ནས་ནོར་སྐལ་ཆད་པ་ཡིན། ཞེས་[8]གཤེན་ཟ་ནེ་ཆུང་དང་བདུད་རྗེ་ཁྱབ་པ་གཉིས་ལ་གསུངས་སོ། །

རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་ཡེ་མ་བྱེད། །ཅེས་[9]བདུད་ཁྱབ་པ་ལག་རིང་ལ་གསུངས།

ངེས་པའི་དོན་བསྟན་མི་གོ་བར། །སྒྱུ་མས་སྒྱུ་མར་བསླུ་བཞིན་དུ། །ད་རུང་སྒྱུ་མའི་རྗེས་སུ་འབྲེང་། །དེ་ལ་ཅི་ཕན་ཉོན་རེ་མོངས། །ངལ་བའི་ཕྱི་ཆད་འོ་རེ་བརྒྱལ། །བྱས་པས་མི་ཟིན་རྒྱང་ཐག་རིང་། །གྲུབ་པའི་མཐའ་མེད་ཕྱི་ཕྱིར་ལྟས། །ཞེས་[10]སྟོན་པ་རབ་ཏུ་བྱུང་བའི་སྐབས་འཁོར་རྣམས་ལ་གསུངས།

འཁོར་དུ་གཏོགས་པའི་སེམས་ཅན་རྣམས། །ངེས་པའི་དོན་ལ་འདུད་ན་དབང་པོ་བརྟན་པར་ཉོན། །ཡུན་གྱི་བདེ་བ་འདོད་ན་འཕྲལ་གྱི་སྐྱིད་ཁེ་སྤོང་། །ཞེས་[11]སྟོན་པ་རབ་ཏུ་བྱུང་བའི་སྐབས་འཁོར་རྣམས་ལ་གདམ།

འཁོར་རྣམས་ཐམས་ཅད་ཀུན། ལྟ་བ་ནི་ཡས་ཕུབ་ཅིག སྤྱོད་པ་ནི་མས་འཛེག་ཅིག གཞི་སྙིང་རྗེ་ཆེན་པོ་ལ་ལོངས་ཤིག ཐབས་ནི་ཕ་རོལ་དུ་ཕྱིན་པ་བཅུ་ལ་སྤྱོད་ཅིག དོན་དེ་བཞི་དང་ལྡན་པའི་གང་ཟག་རྣམས་ནི་གཤེན་རབ་ལགས་ཏེ། འཁོར་བའི་སྡུག་བསྔལ་ལས་གཏན་དུ་ཐར་པར་འགྱུར་རོ། །ཞེས་[12]དཀའ་བ་རྣམ་པ་གསུམ་གྲུབ་རྗེས་ཁྱབ་པ་ལ་སོགས་འཁོར་རྣམས་ལ་གསུངས་སོ། །

བོན་ཐམས་ཅད་ཀྱི་གཞི་སྙིང་རྗེ་ཡིན་ནོ། །སྙིང་རྗེ་ཚད་མེད་པ་སྐྱེས་ནས་སྙིང་རྗེ་ཆེོན་པོའོ། །བྱམས་དགའ་བཏང་སྙོམ་གཅིག་གིས་གཅིག་སྐྱེད་འབྱུང་། ཞེས་[13]སྲས་གཏོ་བུ་འབུམ་སངས་ལ་གསུངས་སོ། །

དང་པོ་འཛིན་པའི་རྒྱུ་ལ་གླེག་བམ་གཅེས་པས། ཡི་གེ་ནག་པོའི་རྒྱུད་ལ་ཤིན་ཏུ་བཀུར་བསྟི་བྱ། བར་དུ་བརྟག་པའི་རྐྱེན་ལ་སློབ་དཔོན་བླ་མ་གཅེས་པས། སློབ་དཔོན་བླ་མའི་སྐུ་ལ་རབ་ཏུ་འཁོར་བར་བྱ། ཐ་མ་རྟོགས་པའི་འབྲས་བུ་ལ་རང་གི་རིག་པ་གཅེས་པས། གཞན་ལ་མ་ཡེངས་རིག་པའི་ཤེས་རབ་སྦྱོང་། ཞེས་[14]ནེའུ་ཆུང་ལ་སོགས་འཁོར་རྣམས་ལ་གསུངས།

གསུང་རབ་འབྲུ་རྟོགས་གསུང་གི་འདུལ་ཐུལ་གྱིན། །མན་ངག་བསྒོམ་པས་སེམས་ཉིད་མཐིལ་དུ་ཕེབས། །འདའ་ཁའི་ཞལ་ཆེམ་ཁྱོད་ལ་ཚིགས་སུ་གཅད་ལ་བཞག །ཁྱུང་ཆེན་གཤོག་རྒྱས་ནམ་མཁའི་ཀློང་དུ་འཕུར། །ཕྱོགས་བཞི་མཚམས་བཞི་སྟེང་འོག་ཉམ་མི་ང་། །གང་ལྟར་འཕུར་ཀྱང་གཤོག་དྲུག་བརྐྱངས་པས་བདེ། །དེ་དང་འདྲ་བར་སྐལ་ལྡན་དད་ཆེ་ཡིས། །གཡུང་དྲུང་བོན་གྱི་སྒོ་མོ་མང་པོ་ལ། །གང་ལྟར་དགོངས་ཀྱང་དོན་དམ་རྟོགས་པས་བདེ། །སེང་གེ་རྩལ་རྫོགས་གངས་རིའི་ཁ་ནས་མཆོངས། །ངམ་གྲོགས་ཤ་ཤོ་གྱེན་ཐུར་ཉམ་མི་ང་། །གང་ལྟར་གནས་ཀྱང་རྩལ་གསུམ་དབྱུང་བས་བདེ། །དེ་དང་འདྲ་བར་མི་མཆོག་སྐྱེས་བུ་ཡིས། །གཡུང་དྲུང་བོན་ལ་ཤེས་པའི་རྩལ་རྫོགས་པས། །གང་ནས་བརྟགས་ཀྱང་དོན་ལ་བཞག་པས་བདེ། །བྱེའུ་ཆུང་ཅོ་གས་སྒྲ་སྐད་འབུམ་དུ་བསྒྱུར། །ཅི་སྐད་དྲངས་ཀྱང་ལྕེ་ལ་ཐེན་ཐོག་མེད། །སྒྲ་ཡི་བྱེ་བྲག་ཀུན་ལ་ཉམ་ང་ཐེ་ཚོམ་མེད། །དེ་དང་འདྲ་བར་སྦྱངས་པའི་འཕྲོ་ཅན་གྱིས། །སྒོ་བཞི་མཛོད་དང་ལྔ་ཡི་བོན་སྒོ་ལ། །གང་ནས་བཤད་ཀྱང་རྒྱུ་འབྲས་བསྟན་པས་བདེ། །རིན་ཆེན་གསེར་གྱི་ཆགས་ཤིང་འབྱུང་བའི་འདམ་ལ་བཙུགས། །ཡ་ཡོ་ཐེན་ཐོག་བཏོན་སྤྱིང་ཉམ་མི་ང་། །གང་ལྟར་བསྐོར་ཀྱང་ས་སྟབས་གཅད་པས་བདེ། །དེ་དང་འདྲ་བར་དད་ལྡན་སྐྱེས་བུ་ཡིས། །བཀའ་རྒྱུད་བོན་གྱི་འབུམ་སྡེ་གླེགས་བམ་ལ། །གང་ནས་བཞུགས་ཀྱང་མན་ངག་བཙལ་བས་རྙེད། །ཅེས་[15]སྟོན་པ་མྱ་ངན་ལས་འདའ་ཁར་རྨ་ལོ་སྐྱིན་གྱི་རལ་ག་ལ་སོགས་འཁོར་རྣམས་ལ་གསུངས།

<<མདོ་དྲི་མེད་གཟི་བརྗིད་ལས་བཏུས་པ།>>

 རང་དོན་མ་གྲུབ་གཞན་དོན་བྱེད་པ་ནི། །རྩི་མར་ཏིལ་གྱི་མེ་འོད་གསལ་བ་ལ། །འོད་དགས་ལོངས་སྤྱོད་རྒྱུ་རུ་མཐོང་བ་བཞིན། །རང་ཤི་མི་ཚོར་རང་སྲོག་རང་གིས་གཅོད། །ཅེས[16]་གསུངས་སོ། །

རང་སེམས་ཡེ་ནས་སངས་རྒྱས་རྒྱུ་ཡིན་ཏེ། །ཐབས་ལ་མ་བརྟེན་མ་བསྒྲུབ་ག་ལ་ཐོབ། །ས་གཞི་རིན་ཆེན་གསེར་གྱི་རྒྱུ་ཡིན་ཏེ། །མ་བརྩལ་མ་བསྒྲུབ་ལག་ཏུ་ག་ལ་ཕེབ། །ཅེས་[17]ཡེ་གཤེན་ནམ་མཁའི་བ་དན་ཅན་ལ་གསུངས་སོ། །

སྔོན་ཚོགས་མ་བསགས་ད་ལྟ་སྡུག །ད་སྒྲིབ་མ་བྱང་ཕྱི་མར་སྦྱང་། །རང་འདོད་ཁོ་ན་རང་བཅིང་ཡིན། །གཞན་ལ་རེ་བ་ཡིད་སྨོན་ཡིན། ཁ་ཡི་སངས་རྒྱས་ཕུང་འདྲེ་ཡིན། །བློ་ཡི་འདུན་མ་འཇིག་འདྲེ་ཡིན། །ཞེས་[18]གསུངས།

 ཤེས་བྱ་ཀུན་གྱི་ཐོག་མ་རུ། །ཤེས་པའི་གཞི་མ་ཡི་གེ་སློབ། །མི་ཤེས་ལྐུགས་པ་ཡི་གེས་སྨྲ། །བློ་སྒྲོམ་ཐ་རམ་ཡི་གེས་འགྲོལ། །མི་ཤེས་རྨོངས་པ་ཡི་གེས་གསལ། །རིག་པའི་སྒྲོན་མེ་ཡི་གེས་འདེགས། །དེ་ཕྱིར་ཡི་གེས་རྒྱུན་བསྟེན་ནས། །ཤེས་བྱ་ཀུན་གྱི་གཞི་མ་ཡིན། །ཞེས[19]་གར་ལ་མ་ལི་ཤོ་ལ་གསུངས།

དྲང་པོ་དྲང་བཞིན་འཇིག་རྟེན་ཀུན་ན་བདེ། །ཡོ་དང་འཁྱོལ་པོར་སོང་ན་ཀུན་དང་འགལ། །ཞེས[20]་རྒྱལ་པོས་རྒྱལ་སྲིད་བསྐྱང་ཚུལ་གྱི་སྐབས་གསུངས།

མཐོ་མཐོ་གོང་དུ་མི་གཏོང་ཐད་སོར་བཞག །དམའ་དམའ་རིས་སུ་མི་འབོར་རང་སར་སྐྱོང་། །ཞེས[21]་གསུངས།

བློ་རྒྱ་ཁེ་རྐམ་ཆེ་ན་རྗེ་དང་འགལ། །དབང་ཡོད་སྡུག་སྡང་ཆེ་ན་དམངས་དང་འགྲས། །བྱ་བ་ཚོད་ཟིན་མེད་ན་ཆབ་སྲིད་འཆོལ། །ཨམ་ཚད་ཚོད་བཟོ་བྱས་ན་རང་ལ་འཁོར། ཅལ་ཅོལ་སྨྲ་བ་མང་ན་རྫུན་ལ་འཐོག ཞེས་[22]གསུངས།

བྱ་བ་བརྟག་ཅིག་གཟབ་པས་དོན་ཆེན་འགྲུབ། །མ་བརྟག་མ་གཟབ་ཐོ་ཆོས་རང་ཉིད་ཕུང་། །མ་བསམ་མ་མནོས་བྱ་བ་ཚར་ཙ་ལད། །ཅེས་[23]གསུངས།

དྲང་པོ་ཡིན་ཡང་བརྟག་ཅིང་དཔྱོད་ལ་སྨྲ། །མཁས་པ་ཡིན་ཡང་ཆག་ལ་གཞལ་ཞིང་བྱ། །དཔའ་བོ་ཡིན་ཡང་གོམ་གསུམ་ཚོད་དང་སྦྱར། །མཛང་མ་ཡིན་ཡང་གལ་མེད་བྱ་བ་བཤོལ། །སྡར་མ་ཡིན་ཡང་རོགས་ལ་དཔྱད་ཅིང་གཟབས། །ཡ་མེད་ཡིན་ཡང་རང་ཆུས་ཐབས་ཀྱིས་བཙལ། །ཕྱུག་པོ་ཡིན་ཡང་ནོར་ཟས་ཚོད་ཀྱིས་བཟུང་། །

 ཕྱུག་པོ་ངན་གཡུང་ཡི་དྭགས་གཏེར་སྲུང་ཡིན། །འཕེན་པོ་ངན་མང་ཞེ་བུའི་འདུན་ཚོགས་ཡིན། །དཔའ་བོ་ཚོད་མེད་ཟི་བསྒྱུར་འདྲེས་དེད་ཡིན། །ཚོང་དཔོན་ནོར་སྲེད་འོད་དགའ་མེར་མཆོང་ཡིན། །ཕོ་མོ་དབྱལ་མེད་མགྲིན་བཟང་ལེ་ལོ་ཡིན། །གནས་བརྟན་རྒན་པོ་སྲིད་པའི་ཆག་འཇལ་ཡིན། །དེད་དཔོན་ཤུལ་རིང་སྐོས་པའི་དྲང་ཤིང་ཡིན། །སྐྱིད་སྡུག་ཉམས་མྱོང་ངན་པའི་ཚོད་འཛིན་ཡིན། །ཡུལ་གྱི་མི་ཆེན་དཔྱད་ཀྱི་མེ་ལོང་ཡིན། །བློ་གྲོས་ཐབས་ལྡན་ཀུན་གྱི་བསྡུམ་ཤིང་ཡིན། །རིགས་ངན་ཁོང་ཁྲོ་ཀུན་གྱི་འཐོར་ཤིང་ཡིན། །རྒྱུད་ངན་གྱོང་པོ་ཀུན་གྱི་སྡུག་འདྲེ་ཡིན། །ཁ་སྤྱང་ནེ་ཙོ་མདོ་དོན་འཆོར་འདྲེ་ཡིན། །ཁ་འཇམ་ཁོང་སྒྱུ་རྒྱལ་ཁམས་ཕུང་འདྲེ་ཡིན། །མཛའ་མཐུན་མ་ངན་ཐ་མ་དབྱེ་འདྲེ་ཡིན། །སྦྱིན་ལེན་དྲག་ན་ཐ་མ་འཁང་འདྲེ་ཡིན། །འཕྱར་གཡེང་མང་ན་རླུང་གིས་འཁྱེར་འདྲེ་ཡིན། །དེའི་ཕྱིར་ཐམས་ཅད་བྱ་བ་བརྟག་ནས་གཟབ། །ཅེས[24]་གསུངས།

འགྲོ་དྲུག་སེམས་ཅན་དྭངས་བ་འདྲེན་པའི་ཕྱིར། །ཕྱི་ཡི་ཚུལ་དང་ནང་ཁྲིམས་ཟུང་དུ་འབྲེལ། །ཟ་ཆུ་ཆ་སྙོམས་ལྟོ་རྒྱབ་རན་པར་སྤྱོད། །ཨུ་དུག་བག་མེད་མྱོས་པ་ར་རོ་སྤོང་། །བག་ཡོད་སྡོད་པ་ཚུལ་དང་ལྡན་པར་བྱ། །དགེ་འཁོར་བསྙེན་གནས་ཁྲིམས་དང་ལྡན་པར་བྱ། །དགེ་འདུན་གྲྭ་སྡེ་མི་ཁྱུ་འཚོགས་པར་བྱ། །གཅིག་པུར་གྲོང་འགྲིམ་ཡུ་ཏི་ཉོ་ཚོང་དང་། །གཅིག་གཉིས་ཆ་བསྡེབ་འཕྱར་གཡེང་ཐོལ་མ་གྱུ། །བྱིས་པའི་རྩེད་མོ་ཁ་ན་མ་ཐོ་བ། །དམན་པའི་ཁྱིམ་ལ་མལ་ཞག་སྤང་བར་བྱ། །ཞེས་[25]གསུངས།

དགེ་བ་སྤྱོད་ན་གཏན་རྒྱལ་འདུན་མ་ཡིན། །མི་དགེ་སྡིག་པ་གཏན་ཕམ་བློ་ནོར་ཡིན། །ཤེས་བཞིན་དུག་འཐུང་རང་སྲོག་ཆད་འདྲེ་ཡིན། །བསམ་བཞིན་མི་བརྩམ་བྱ་བ་ལུས་འདྲེ་ཡིན། །དགེ་སྡིག་མི་མཉམ་མར་འགྲོ་གཏིང་བརླག་ཡིན། །རྒྱུ་འབྲས་མི་བརྩི་དམྱལ་བའི་འགྲམ་རྡོ་ཡིན། །ཞེས[26]་གསུངས།

དེ་ནི་རན་ཚོད་བཟུང་བའི་ཟས་ནོར་ཡིན། །སྒྱུ་མའི་ཟོང་ལ་རན་ཚོད་མ་བཟུང་ན། །མི་སེམས་སྟོང་པར་འདུག་ལ་གང་དུས་མེད། །ཅེས་[27]གསུང་།

མངོན་ལྐོག་སྤྱོད་པ་བྱས་ན་གཞན་གྱིས་འཕྱ། །རང་སེམས་དཔང་བཙུག་མེད་ན་རང་ཡང་ཁྲེལ། །ཞེས[28]་གསུངས།

ཕྱུག་པོ་ལོངས་སྤྱོད་ཆེ་ཡང་ང་རྒྱལ་སྤང་། །འཕེན་པོ་རྐང་གྲངས་མང་ཡང་འཁྲུག་པ་བཤོལ། །དཔའ་བོ་ངར་ལོང་མོད་ཀྱང་རང་སྲོག་བཙའ། །མཛངས་པ་ཕུལ་དུ་ཕྱིན་ཡང་སྔ་འཕྱི་དཔྱད། །བཙན་པོ་ཡ་མེད་ཡིན་ཀྱང་ཚོད་ཟིན་བྱ། །སྡར་མ་བྱིན་ལ་ལུག་ཀྱང་ཁས་དཔའ་བྱེད། །གླེན་པ་ནོར་དད་ཆེ་ཡང་རོགས་དང་བསྟུན། །ཤེས་ཆུང་འདོད་ཐག་ཉེ་ཡང་གཞན་ལ་དྲི། །བློ་ཆུང་སྣང་བ་གང་ཡང་འཕྱར་གཡེང་སྤང་། །དམན་པ་མཐོ་སར་ཕྱིན་ཡང་སྔར་ཚད་གཞལ། །བྱས་པ་ཅི་ཙམ་ཆེ་ཡང་ང་བོ་སྤང་། །ཟས་ནོར་ཚད་ལ་འདས་ཀྱང་དགེ་ཕྱོགས་བཏང་། །མེད་ཀྱིས་ཡོད་ལ་སློང་ན་གང་འཐད་སྦྱིན། །དབུལ་གྱིས་ཕྱུག་ལ་སློང་ན་དེ་སེམས་བསྐྱེད། །ཁས་དམན་རྗེ་ལ་སྐྱབས་ན་རླུང་ཡང་གཡོར། །གཞན་གྱིས་དགེ་ལ་སྤྱོད་ན་རང་ཡང་འགྲན། །གཞན་དག་སྡིག་པ་བྱེད་ན་ཐབས་ཀྱིས་བཤོལ། །མ་ནུས་ཉམ་ཆུང་མཐོང་ན་སྙིང་རྗེ་བསྐྱེད། །རྗེ་ཡི་སྐུ་དྲིན་ནོད་ན་ཕྱི་ཐག་བསྲིང་། །འབངས་ཀྱི་ལས་བྱས་དྲིན་ན་ཕྱི་ཤུལ་བསྲུང་། །ཞེས[29]་གསུངས།

ཡ་རབས་རྗེ་ལ་གང་ལྟར་བྱས་ཀྱང་བསྟུན། །ཤེས་ལྡན་མི་ལ་གང་ལྟར་བསྐོར་ཡང་བདེ། །གོ་བ་ཅན་ལ་མཆིད་ཚིག་སྨྲ་བ་སླ། །མ་རབས་གཡུང་ལ་ཅི་ལྟར་འབད་ཀྱང་ཐུ། །ཤེས་རིག་མེད་ལ་གང་ལྟར་བསྐོར་ཡང་དྲེད། །ནོར་ངན་ཅན་ལ་ཅི་ཙམ་བྱིན་བཞིན་ཕོངས། །ཞེས་[30]གསུངས།

འདོད་པ་ཅན་ལ་ཟས་ནོར་གཉེར་མི་གཏད། །ངོ་མ་གཉིས་ལ་ད་བྱེད་གྲོས་མ་དྲི། །གྱ་གྱུ་ཅན་ལ་རྩེ་གཅིག་བློ་མི་གཏད། །མཚངས་ཅན་མི་ལ་གཉེན་གྱི་སྲིད་མི་སྦྲེལ། །ཁྲོ་གཏུམ་ཅན་ལ་ཁྲོམ་དུ་ཁ་མི་ཡང་། །ཟོལ་སོག་ཅན་དང་ནོར་རྫས་བརྗེ་མི་བྱ། །གཡོ་རྒྱུ་ཅན་གྱི་ལག་ཏུ་ནོར་མི་བཞག །ལེ་ལོ་ཅན་དང་བྱ་བ་ཁ་མི་མཐུན། །ཁེ་རྐམ་ཅན་ལ་ཟོང་དང་ཚོང་མི་སྤྲད། །ཅེས་[31]གསུངས།

དྲང་པོ་བྱས་ན་འཇིག་རྟེན་ཀུན་ན་ཆེ། །མི་མཐུན་བསྡུས་ན་མཐུན་པའི་གྲོས་གཞི་འབྱུང་། །དྲང་པོར་འདུག་ན་ཡུལ་སྲིད་ཀུན་ལ་ཆེ། །སྤྱི་ཆུས་གཟབ་ན་རང་ཆུས་ཞོར་ལ་ཡོང་། །སྤྱི་དོན་བྱས་ན་རང་དོན་ཤུགས་ལ་འབྱུང་། །དགེ་བ་བྱས་ན་སྡིག་པ་ཐབས་ཀྱིས་བཤོལ། །སྦྱིན་པ་བཏང་ན་བསོད་ནམས་ཤུགས་ལ་འབྱུང་། །སྡིག་ལ་དགའ་ན་དགེ་བ་ཞོར་ལ་ལུས། །ཞེས[32]་གསུངས།

དང་པོ་སློབ་དཔོན་མཁས་པ་རྒྱུད་ལ་བསྟེན། །ཞུ་འབུལ་གུས་ཚུལ་ཐུགས་དམ་མཉེས་པར་བྱ། །བར་དུ་རང་གི་བརྩོན་འགྲུས་ཉེར་ལེན་གཙོ། །གང་བསླབ་གཅིག་ལ་ཕུལ་དུ་ཕྱིན་པར་གྱིས། །མི་འགྲུབ་བློ་སྣ་མང་ན་གང་ཡང་འཆོལ། །ཀུན་ལ་བསླབ་ན་གཅིག་ཀྱང་ཕུལ་ཕྱིན་མེད། །གཅིག་ལ་མཁས་ན་མཁས་པ་ཕུལ་ཕྱིན་འགྱུར། །ཞེས་[33]གསུངས།

ལོག་ཁྲིད་ཅན་ལ་ཁ་མི་ཡང་། །དྲང་པོར་སྨྲ་ལ་ངག་མི་བསྐུང་། །གཡོ་ཅན་ཚིག་ལ་མཆིད་མི་བཞིན། །རྫུན་ཆེན་གཏམ་གྱི་རྗེས་མི་འབྲང་། །མཐོ་སར་ཕྱིན་ཡང་དམའ་མི་སྐྱོང་། །ཆེན་པོ་རེད་ཀྱང་ཆུང་ལ་བྱམས། །མཁས་པར་བྱུང་ཡང་མི་ཤེས་ཁྲིད། །གོམ་པར་ཡོད་ཀྱང་ཚོད་ལ་བརྟག །འབུལ་ཚོགས་ཆེ་ཡང་ཤེད་མི་སྐྱེ། །ཆུང་ཡང་སེམས་བསྐྱེད་རན་པར་བྱ། །ཞེས་[34]གསུངས།

མཁས་པ་མཁས་པའི་སྔོན་ན་མཛེས། །མཁས་པའི་གྲལ་ན་མཁས་པ་བཙུན། །བླུན་པོའི་གསེབ་ན་མཁས་པ་རྨོངས། །མི་ཤེས་པ་ལ་ཕལ་དང་འདྲ། །མ་རིག་པ་ལ་གསེར་ཡང་རྡོ། །དེ་ཕྱིར་མཁས་པ་མཁས་གྲལ་བཙུན། །ཞེས་[35]གསུངས།

དེ་ནས་མཁས་ཤིང་གོམ་པ་དང་། །འདྲིས་ཤིང་རྒྱུད་ལ་བརྟེན་པ་དང་། །ཐབས་མཁས་ལག་ལེན་ལྡན་པ་ན། །མཁས་པ་ཡོངས་ཀྱི་བཀུར་གནས་འབྱུང་། །ཞེས་[36]གསུངས།

གཡུང་དྲུང་བོན་ལ་འདུན་སྤྱོད་ན། །ལྟོ་རྒྱབ་ཤུགས་ལས་འབྱུང་བར་འགྱུར། །ཡི་གེ་ནག་པོའི་རྒྱུད་བསྟེན་ན། །ཤེས་རབ་ཁད་ཀྱིས་འཕེལ་བར་འགྱུར། །སློབ་དཔོན་བསྟེན་པ་ཡུན་རིང་ན། །ཐུགས་བཅུད་ཞོར་ལས་ལོན་པར་འགྱུར། །མཁས་བཙུན་མང་བའི་གྲྭ་འགྲིམ་ན། །མཐོང་ཕུག་གཞན་ལས་དཔག་པར་འགྱུར། །ཞེས་[37]གསུངས།

རང་བས་གཞན་དོན་གཙོར་བྱེད་ཅིང་། །རང་འདོད་ལྡེམ་གོང་མ་ཡིན་པར། །མ་ནུས་འགྲོ་བ་ཉམ་ཐག་ལ། །སྐད་ཅིག་ཙམ་གྱི་ཞི་བདེ་ཡང་། །བསྐལ་པར་བསགས་པའི་བསོད་ནམས་རྒྱུ། །ཚད་ཀྱིས་གཞལ་ཡང་མི་ཕོད་དོ། །སྤྱིར་ཡང་སེམས་ཀྱི་གནས་ལུགས་དང་། །རྒྱུ་འབྲས་བསགས་ཚུལ་མ་ཤེས་ན། །བསྐལ་པར་བསགས་པའི་བསོད་ནམས་ཀྱང་། །ཁོང་ཁྲོ་དྲག་པོ་གཅིག་གིས་འཇོམས། །བྱང་ཆུབ་སེམས་ཀྱི་བསྐྱེད་ཚུལ་དང་། །སེམས་བསྐྱེད་གཞི་མ་ལྡན་པ་ན། །བསྐལ་པར་བསོད་ནམས་མ་བསགས་ཀྱང་། སྐད་ཅིག་འགྲོ་བ་ཞི་བདེ་ཡིན། །ཐར་པ་ཐོབ་པའི་འགྲམ་གཞི་འགྱུར། །ཞེས་[38]གསུངས།

གཡུང་དྲུང་བོན་ལ་རྒྱ་ཆེ་གྲངས་མང་ཡང་། །མདོ་རུ་བསྡུས་ན་ཐེག་པ་རིམ་དགུར་འདུས། །ལྟ་བ་ཡས་ཕུབ་སྤྱོད་པ་མས་ཡར་འཛེག །མཐར་ནི་དོན་དམ་ཐིག་ལེ་གཅིག་ལ་བསྡུད། །ཀུན་གཞི་བྱང་ཆུབ་སེམས་ཀྱི་ཀློང་དུ་ངེས། །ཞེས་[39]གསུངས།

ཡོན་ཏན་ཚད་དང་མི་ལྡན་ཞིང་། །སྦྱོར་དངོས་རྗེས་གསུམ་མ་དག་པ། །གཞན་གྱི་ཚོགས་སྦྱོར་ལེན་པ་དེ། །རང་ལ་ཁྲོ་ཆུ་ཁོལ་མ་འདྲ། །གཞན་ལ་མུན་ཁྲོད་རྫས་བླུགས་འདྲ། །རང་གཞན་གཉིས་ཀ་ཕུང་འདྲེ་ཡིན། །ཞེས་[40]གསུངས།

སྤྱིར་ཡང་བོན་རྣམས་ཐམས་ཅད་ལ། །སེམས་བསྐྱེད་གཞི་མ་མ་ལྡན་ན། །ཞིང་ས་ངན་པའི་ས་བོན་འདྲ། །སྐམས་ལ་བབ་ན་འབྲས་བུ་ཚིག །སྨྱུ་གུ་འཁྲུངས་པ་ག་ལ་འགྱུར། །དེ་ཕྱིར་བོན་ལ་སྤྱོད་པ་ལ། །རང་ལ་ཕན་པའི་དད་པ་དགོས། །གཞན་ལ་ཕན་པའི་སེམས་བསྐྱེད་དགོས། །སེམས་བསྐྱེད་རྩ་བ་སྙིང་རྗེ་ཡིན། །དད་པའི་རྩ་བ་མི་རྟག་ཡིན། མི་རྟག་རྩ་བ་སྟོང་པ་ཉིད། །སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་ནས། །འགྲོ་བ་ཐར་པ་དེ་ཡིས་དྲོང་། །དེ་ཕྱིར་སྙིང་རྗེ་བསྐྱེད་པར་བྱ། །སྙིང་རྗེ་བདག་ཕྱོགས་མེད་པར་བསྐྱེད། །བདག་ཕྱོགས་བྱུང་ན་སྙིང་རྗེ་གོལ། །ཁྲ་སྤྱང་སྙིང་རྗེ་བདག་ཕྱོགས་ཅན། །འགྲོ་ལ་མི་ཕན་རང་ཕན་གསོ། །དེ་ལ་འབྲས་བུ་ཆུང་བར་བསྐྱེད། །འགྲོ་ལ་མ་ལྟར་བྱམས་པ་དང་། །ཀུན་ལ་ཉི་ལྟར་སྙོམས་པ་དང་། །སེམས་བསྐྱེད་གཞི་མ་ལྡན་པར་བྱ། །བག་ཡོད་བཞིན་དུ་སྤྱོད་པར་བྱ། །འགྲོ་བ་གང་ལ་གང་ཕན་བྱ། །སེམས་བསྐྱེད་མ་ལོག་གཞན་ཕན་བྱ། །ཞེས་[41]གསུངས།

ཁྲིམས་ལ་ཕྱི་ཚུལ་མ་ལྡན་ན། །ནང་བཅུད་ཡོད་པ་སུ་ཡིས་ཤེས། །གསེར་ལ་གསེར་མདངས་མ་ཐོན་ན། །སེར་པོ་མང་འགྱུར་ཤན་མི་འབྱེད། །ཅེས་[42]གསུངས།

རང་ཉིད་གཅིག་པུར་བདེ་བ་བདེ་ཆེན་མིན། །རྒྱལ་ཁམས་ཐམས་ཅད་བདེ་བ་བདེ་ཆེན་ཡིན། །སེམས་ཅན་རེ་རེས་སྡུག་བསྔལ་མྱོང་མོད་ཀྱང་། །ཀུན་གྱི་སྡུག་བསྔལ་ཆེན་པོ་ཞི་བདེར་འགྱུར། །ཞེས་[43]གསུངས།

དུག་ལྔ་ཉེས་པའི་རྩ་བ་ནོར་ལས་འབྱུང་། །ནོར་ནི་ནོར་བ་ཡིན་པས་ཤིན་ཏུ་ནོར། །རྫས་ནི་རྫ་ཆག་འཕྲོ་བཞིན་བཀང་བ་དཀའ། །དེ་ཡི་བར་དུ་སྡུག་བསྔལ་ཚིམ་པ་མེད། །ཞེན་ཅིང་ཆགས་པའི་འདོད་ཆགས་རྒྱུ་བསགས་ཤིང་། །བཙལ་ཞིང་བསྒྲུབ་པའི་རྒྱུ་རྐྱེན་བསྒྱུར་ནས་སུ། །འབྲས་བུ་ཡི་དྭགས་གནས་སུ་སྦྱང་བ་སྟེ། །ཞིང་རྨོ་ཚོང་དང་ཁེ་བསྐྱེད་སྡུག་བསྔལ་ལོ། །ཞེས་གསུངས།

འདོད་དང་འདོད་མཐུན་སྲེད་དང་ལེན་སྐྱེས་པས། །འཁོར་བའི་འདོད་ཆགས་སྤྱད་ཅིང་ཕྱི་ཕྱིར་འདོད། །ལན་ཚྭའི་ཆུ་ནི་འཐུང་བཞིན་ཕྱི་ཕྱིར་སྐོམས། །རྔོ་ཅན་ནད་ནི་ཕྲུག་ཅིང་ཕྱི་ཕྱིར་ཟ། །ཞེས་གསུངས།

བོན་སྒོ་ཐེག་རྒྱུད་གང་གི་སྒོར་འཇུག་ཀྱང་། །དང་པོ་ཐོས་བསམ་རྒྱུད་ལ་མ་སྦྱང་ན། །ཐོས་པ་ཕྱི་ཡི་སྒྲོ་འདོག་མི་ཆོད་པས། །བོན་རྣམས་བླུན་པོའི་ལག་ཏུ་གསེར་རྙེད་འདྲ། །གསེར་དང་ས་རྡོ་བོང་བ་ངོ་མི་ཤེས། །ཞེས་གསུངས།

བར་དུ་ཚིག་མང་ཤེས་ན་བསླབ་མི་འཚལ། །ཚིག་མང་ཤེས་ནས་ཚིག་ཕྱིར་འབྲང་བ་ནི། །བཅོལ་མེད་རིན་ཆེན་གླིང་དུ་ཕྱིན་པ་འདྲ། །གཅིག་བས་གཅིག་ལེགས་གཅིག་མཆན་གཅིག་སྣང་ལ། །གང་དུ་བླང་ཞིང་དོར་བའི་རྒྱུ་མ་མཆིས། །ཞེས་གསུངས།

ཐ་མར་ཤེས་པས་མི་ཆོག་སྒྲུབ་པ་གཅེས། །ཤེས་ཤིང་བོན་ལ་བརྩོན་པ་མ་བསྒྲུབ་ན། །རིན་ཆེན་རྙེད་ནས་ལམ་དུ་སྟོར་བ་འདྲ། །ཞེས་གསུངས། །

གང་ཞིག་བསླབ་པ་མེད་པར་བོན་སྤྱོད་པས། །དམུས་ལོང་ལག་གི་ཡིད་འོང་རིན་ཆེན་རྫས། །བླུན་པོའི་ལག་ཏུ་མར་ཞི་གསེར་ཕྱིན་དང་། །རྒྱུས་མེད་གྲོང་ཁྱེར་གམ་དུ་ཕྱིན་པ་འདྲ། །དེ་ནི་བཀའ་ལ་ཅི་ལྟར་བསླབ་པ་གཅེས། །ཞེས་གསུངས།

བསྟན་པའི་དོན་ལ་རྣམ་པ་གསུམ་ཡིན་ཏེ། །འཛིན་དང་སྐྱོང་དང་སྤེལ་བ་རྣམ་པ་གསུམ། །དེ་དག་ཐབས་ལ་རྣམ་པ་གསུམ་ཡིན་ཏེ། །སྐུ་གདུང་བརྩེགས་དང་སྐུ་གཟུགས་བཞེངས་པ་དང་། །གསུང་རབ་ཡི་གེ་རྒྱུད་བྲི་ཐར་པ་ཐོབ། །ཅེས་[44]གསུངས།

འཇིག་རྟེན་མི་རྟག་སྒྱུ་མ་མི་འདུག་ན། །བསྐལ་སྲིད་ཆགས་གནས་འཇིག་པ་ཅི་ལ་འབྱུང་། །ནམ་ཟླ་དབྱར་དགུན་སྟོན་དཔྱིད་ཅི་ལ་འབྱུང་། །དུས་ཚོད་སྔ་དྲོ་ཕྱི་དྲོ་ཅི་ལ་འབྱུང་། །ཞེས་[45]གསུངས་།

སྣང་སྲིད་སྒྱུ་མར་དགོངས་པ་དང་། །ནོར་ལ་ཆགས་པ་གཉིས་མི་འགྲུབ། །སྤྱིར་ན་ནོར་ཞེས་བྱ་བ་ནི། །བདག་མེད་སེམས་ཉིད་ཆགས་བྲལ་ལ། །བདག་འཛིན་ཆགས་ཞེན་སྐྱེས་པས་ནོར། །ཞེས་[46]གསུངས།

མཁའ་མཉམ་འགྲོ་དྲུག་སེམས་ཅན་ལ། །ཕ་མར་མ་གྱུར་གཅིག་མ་མཆིས། །ཉིང་ཤ་ཉིང་གི་བཟའ་བ་ལ། །ཕ་མ་གཉིས་ཀྱི་དཀར་དམར་ཡིན། །མིག་གིས་མཐོང་ན་སྐྱི་རེ་འཇིགས། །ལག་ཏུ་བླང་ན་ཡ་རེ་ང་། །སྣ་ཡི་དྲི་ཚོར་སྐྱུག་རེ་བྲོ། །ལྕེ་ཡིས་རོ་ལ་བླང་ནས་སུ། །ཁོང་དུ་བསྟིམ་པའི་ལུགས་ཅི་ཡོད། །ཅེས་[47]གསུངས། 

སེམས་ལ་སེམས་ཀྱིས་མ་བཅོས་ན། །སེམས་ཉིད་དྲང་པོ་ག་ལ་འགྱུར། །རླུང་ལ་རླུང་གིས་མ་བསྐྱོད་ན། །རླུང་ལ་གྱེན་ཐུར་ག་ལ་སྲིད། །ཅེས་[48]གསུངས།

གང་དག་བཀའ་ལས་འབྱུང་གྱུར་པ། །དེ་ཉིད་རིག་པས་གཞལ་མིན་ན། །སྙིང་པོ་དོན་མཆིས་ག་ལ་འགྱུར། །དེ་ཕྱིར་རིག་གཞལ་དོན་ཡོད་བྱ། །ཞེས་[49]གསུངས།

རང་དག་ཙམ་ན་གཞན་ཀྱང་དག་པ་སྟེ། །རང་དུལ་ཙམ་ན་གཞན་ཀྱང་དུལ་བར་འགྱུར། །དེ་ཕྱིར་རང་ཉིད་གཞན་ལ་ཕན་གདགས་ནས། །རང་གིས་རང་རྒྱུད་དྲེག་པའི་བདུད་བཅོམ་ན། །གཞན་རྒྱུད་དྲེགས་པའི་སྐུ་མཁར་དེ་ན་འཇིག །ཅེས་[50]གསུངས།

སྦྱིན་པའི་རྩ་བ་རང་སེམས་དྲི་མེད་ཡིན། །ཚུལ་ཁྲིམས་རྩ་བ་རང་སེམས་དག་པ་ཡིན། བཟོད་པའི་རྩ་བ་གཉིས་མེད་མཉམ་པ་ཡིན། །བརྩོན་འགྲུས་རྩ་བ་ལེ་ལོ་མེད་པ་ཡིན། །བསམ་གཏན་རྩ་བ་གཡོ་འཁྲུག་མེད་པ་ཡིན། །སྟོབས་མཆོག་རྩ་བ་རྡུལ་ཞུགས་ལྡན་པ་ཡིན། །སྙིང་རྗེའི་རྩ་བ་བདག་ཕྱོགས་བྲལ་བ་ཡིན། །སྨོན་ལམ་རྩ་བ་རེ་དོགས་མེད་པ་ཡིན། །ཐབས་མཆོག་རྩ་བ་མ་རྨོངས་བསལ་བ་ཡིན། །ཤེས་རབ་རྩ་བ་འཁྲུལ་པ་མེད་པ་ཡིན། དེ་ཕྱིར་བླ་མེད་ཕ་རོལ་ཕྱིན་བཅུ་ཡང་། །རྩ་བ་རང་སེམས་དྲི་མེད་རྒྱུན་ལས་བྱུང་། །ཞེས་[51]གསུངས།

[1] གཟེར་མིག་ལེའུ་ལྔ་པ་ལྷ་གཤེན་བརྒྱ་ལ་ཕྱག་འཚལ་བའི་སྐོར།

[2] གཟེར་མིག་ལེའུ་བརྒྱད་པ་གཤེན་རབ་ཀྱིས་སྲས་སྤྲུལ་པའི་སྐོར།

[3] གཟེར་མིག་ལེའུ་བརྒྱད་པ་གཤེན་རབ་ཀྱིས་སྲས་སྤྲུལ་པའི་སྐོར།

[4] གཟེར་མིག་ལེའུ་བརྒྱད་པ་གཤེན་རབ་ཀྱིས་སྲས་སྤྲུལ་པའི་སྐོར།

[5] གཟེར་མིག་ལེའུ་བརྒྱད་པ་གཤེན་རབ་ཀྱིས་སྲས་སྤྲུལ་པའི་སྐོར།

[6] གཟེར་མིག་ལེའུ་བརྒྱད་པ་གཤེན་རབ་ཀྱིས་སྲས་སྤྲུལ་པའི་སྐོར།

[7] གཟེར་མིག་ལེའུ་བརྒྱད་པ་གཤེན་རབ་ཀྱིས་སྲས་སྤྲུལ་པའི་སྐོར།

[8] གཟེར་མིག་ལེའུ་བཅུ་གཅིག་པ་གཤེན་རབ་ཀྱི་འཁོར་ལ་བདུད་ཀྱིས་ཆོ་འཕྲུལ་བསྟན་སྐོར།

[9] གཟེར་མིག་ལེའུ་བཅུ་གཉིས་པ་གཤེན་རབ་ཀྱི་ནོར་ལ་བདུད་ཀྱིས་ཆོ་འཕྲུལ་བསྟན་པའི་སྐོར།

[10] གཟེར་མིག་ལེའུ་བཅོ་ལྔ་པ་གཤེན་རབ་ཀྱིས་ཁྱིམ་སྤོང་རབ་ཏུ་བྱུང་བའི་སྐོར།

[11] གཟེར་མིག་ལེའུ་བཅོ་ལྔ་པ་གཤེན་རབ་ཀྱིས་ཁྱིམ་སྤོང་རབ་ཏུ་བྱུང་བའི་སྐོར།

[12] གཟེར་མིག་ལེའུ་བཅོ་ལྔ་པ་གཤེན་རབ་ཀྱིས་ཁྱིམ་སྤོང་རབ་ཏུ་བྱུང་བའི་སྐོར།

[13] གཟེར་མིག་ལེའུ་བཅོ་ལྔ་པ་གཤེན་རབ་ཀྱིས་ཁྱིམ་སྤོང་རབ་ཏུ་བྱུང་བའི་སྐོར།

[14] གཟེར་མིག་ལེའུ་བཅུ་དྲུག་པ་སྟོན་པས་འཁོར་སྤངས་དགོན་པ་མཛད་པའི་སྐོར།

[15] གཟེར་མིག་ལེའུ་བཅུ་བདུན་པ་སྟོན་པ་སྟོན་པ་མྱ་ངན་ལས་འདས་པའི་སྐོར།

[16] གཟི་བརྗིད་ལེའུ་དང་པོ་སྟོན་པ་འོད་གསལ་ལྷ་ལས་བབ་པའི་མདོ།

[17] གཟི་བརྗིད་ལེའུ་དང་པོ་སྟོན་པ་འོད་གསལ་ལྷ་ལས་བབ་པའི་མདོ།

[18] གཟི་བརྗིད་ལེའུ་ལྔ་པ་གཞོན་ནུ་རོལ་རྩེད་ཀྱི་མདོ།

[19] གཟི་བརྗིད་ལེའུ་དྲུག་པ་རྒྱལ་བུ་རྒྱལ་སར་ཕྱུང་བའི་མདོ།

[20] གཟི་བརྗིད་ལེའུ་བདུན་པ་རྒྱལ་བུའི་བཀའ་ཁྲིམས་བསྩལ་བའི་མདོ།

[21] གཟི་བརྗིད་ལེའུ་བདུན་པ་རྒྱལ་བུའི་བཀའ་ཁྲིམས་བསྩལ་བའི་མདོ།

[22] གཟི་བརྗིད་ལེའུ་བདུན་པ་རྒྱལ་བུའི་བཀའ་ཁྲིམས་བསྩལ་བའི་མདོ།

[23] གཟི་བརྗིད་ལེའུ་བདུན་པ་རྒྱལ་བུའི་བཀའ་ཁྲིམས་བསྩལ་བའི་མདོ།

[24] གཟི་བརྗིད་ལེའུ་བདུན་པ་རྒྱལ་བུའི་བཀའ་ཁམས་བསྩལ་བའི་མདོ།

[25] གཟི་བརྗིད་ལེའུ་བདུན་པ་རྒྱལ་བུའི་བཀའ་ཁྲིམས་བསྩལ་བའི་མདོ།

[26] གཟི་བརྗིད་ལེའུ་བདུན་པ་རྒྱལ་བུའི་བཀའ་ཁྲིམས་བསྩལ་བའི་མདོ།

[27] གཟི་བརྗིད་ལེའུ་བདུན་པ་རྒྱལ་བུའི་བཀའ་ཁྲིམས་བསྩལ་བའི་མདོ།

[28] གཟི་བརྗིད་ལེའུ་བདུན་པ་རྒྱལ་བུའི་བཀའ་ཁྲིམས་བསྩལ་བའི་མདོ།

[29] གཟི་བརྗིད་ལེའུ་བདུན་པ་རྒྱལ་བུའི་བཀའ་ཁྲིམས་བསྩལ་བའི་མདོ།

[30] གཟི་བརྗིད་ལེའུ་བདུན་པ་རྒྱལ་བུའི་བཀའ་ཁྲིམས་བསྩལ་བའི་མདོ།

[31] གཟི་བརྗིད་ལེའུ་བདུན་པ་རྒྱལ་བུའི་བཀའ་ཁྲིམས་བསྩལ་བའི་མདོ།

[32] གཟི་བརྗིད་ལེའུ་བདུན་པ་རྒྱལ་བུའི་བཀའ་ཁྲིམས་བསྩལ་བའི་མདོ།

[33] གཟི་བརྗིད་ལེའུ་བདུན་པ་རྒྱལ་བུའི་བཀའ་ཁྲིམས་བསྩལ་བའི་མདོ།

[34] གཟི་བརྗིད་ལེའུ་བདུན་པ་རྒྱལ་བུའི་བཀའ་ཁྲིམས་བསྩལ་བའི་མདོའི་ཕྱྭ་གཤེན་ཐེག་པ་གཏན་ལ་ཕབ་པའི་སྐབས།

[35] གཟི་བརྗིད་ལེའུ་བདུན་པ་རྒྱལ་བུའི་བཀའ་ཁྲིམས་བསྩལ་བའི་མདོའི་ཕྱྭ་གཤེན་ཐེག་པ་གཏན་ལ་ཕབ་པའི་སྐབས།

[36] གཟི་བརྗིད་ལེའུ་བདུན་པ་རྒྱལ་བུའི་བཀའ་ཁྲིམས་བསྩལ་བའི་མདོའི་ཕྱྭ་གཤེན་ཐེག་པ་གཏན་ལ་ཕབ་པའི་སྐབས།

[37] གཟི་བརྗིད་ལེའུ་བདུན་པ་རྒྱལ་བུའི་བཀའ་ཁྲིམས་བསྩལ་བའི་མདོའི་ཕྱྭ་གཤེན་ཐེག་པ་གཏན་ལ་ཕབ་པའི་སྐབས།

[38] གཟི་བརྗིད་ལེའུ་བདུན་པ་རྒྱལ་བུའི་བཀའ་ཁྲིམས་བསྩལ་བའི་མདོའི་ཕྱྭ་གཤེན་ཐེག་པ་གཏན་ལ་ཕབ་པའི་སྐབས།

[39] གཟི་བརྗིད་ལེའུ་བརྒྱད་པ་སྣང་གཤེན་ཐེག་པ་གཏན་ལ་ཕབ་པའི་མདོ།

[40] གཟི་བརྗིད་ལེའུ་དགུ་པ་འཕྲུལ་གཤེན་ཐེག་པ་གཏན་ལ་ཕབ་པའི་མདོ།

[41] གཟི་བརྗིད་ལེའུ་དགུ་པ་འཕྲུལ་གཤེན་ཐེག་པ་གཏན་ལ་ཕབ་པའི་མདོ།

[42] གཟི་བརྗིད་ལེའུ་བཅུ་གསུམ་པ་དྲང་སྲོང་ཐེག་པའི་མདོ།

[43] གཟི་ལེའུ་བཅོ་བརྒྱད་པ་གདུལ་དཀའ་བཏུལ་ནས་བསྟན་པ་སྤེལ་བའི་མདོ།

[44] གཟི་བརྗིད་ལེའུ་ཞེ་གཉིས་པ་ཐེག་པ་རིམ་དགུའི་བསྟན་པ་རྗེས་སུ་བཞག་པའི་མདོ།

[45] གཟི་བརྗིད་ལེའུ་ཞེ་བཞི་པ་བླ་མེད་གོ་འཕང་སྒྲུབ་ཐབས་ཀྱི་མདོ།

[46] གཟི་བརྗིད་ལེའུ་ལྔ་བཅུ་པ་བསྟན་པ་རྣམ་གསུམ་རྗེས་སུ་བཞག་པའི་མདོ།

[47] གཟི་བརྗིད་ལེའུ་ང་གཅིག་པ་ཁྱིམ་སྤང་རབ་བྱུང་གི་མདོ།

[48] གཟི་བརྗིད་ལེའུ་ང་གསུམ་པ་བོན་འཁོར་ཚིག་བཞིའི་མདོ།

[49] གཟི་བརྗིད་ལེའུ་ང་གསུམ་པ་བོན་འཁོར་ཚིག་བཞིའི་མདོ།

[50] གཟི་བརྗིད་ལེའུ་ང་དགུ་པ་འཁོར་སྤང་དགོན་པ་མཛད་པའི་མདོ།

[51] གཟི་བརྗིད་ལེའུ་ང་དགུ་པ་འཁོར་སྤང་དགོན་པ་མཛད་པའི་མདོ།

(སྤྱིའི་གཟིགས་གྲངས། 2,913 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
https://mp…
error: རྩོམ་འདི་བདག་དབང་ཅན་ཡིན།