ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ང་རང་གི་ལས་དོན་དེ་ཚང་མ་གྲུབ་ཡོད་བསམ་པ་ཡིན།

༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག

(ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༡ ཉིན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེར་བོད་ཕྱི་ནང་ཡོངས་ཀྱི་བོན་འབངས་རྣམས་ཀྱིས་བརྟན་བཞུགས་བསྟར་འབུལ་སྐབས་བསྩལ་གནང་བའི་བཀའ་སློབ་གུས་པ་དགེ་མིང་པ་སྨོན་ལམ་མཐར་ཕྱིན་པས་སྒྲ་ཕབ་ཞུས་ཤིང་། དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེས་ཞུ་དག་གནང་བ་ཞིག་འགོད་འབུལ་ཞུས་ཡོད།)

ད་དེ་རིང་འདིར་ཕྱི་ལོགས་ཀྱི་ཐག་རིང་ས་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་དང་། ཐག་རིང་དང་མི་རིང་ཟེར་རྒྱུ་མཐའ་ཡི་རྒྱ་མཚོ་ཕར་ཁ་ནས་ཕེབས་བསྡད་པའི་སྐུ་མགྲོན་བཅས་པ་འདིའི་ནང་ལ་ཡོད་རེད། ཐག་ཉེ་ས་ལ་བྱས་ན་རྒྱལ་ཁབ་མི་འདྲ་བ་ཕྱོགས་ཕན་ཚུན་མང་པོ་ནས་ཕེབས་བསྡད་པའི་སྐུ་མགྲོན་རྣམ་པ་ཚང་མ་ལ་དེ་རིང་ངས་དང་པོ་དང་པོ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

          ད་སྐུ་མགྲོན་རྣམ་པ་ཚང་མ་དེ་འདིར་ཕེབས་ནས་རེ་བ་ལ་ཚང་མ་བཞུགས་ས་བདེ་མོ་དང་། ཞལ་ལག་འཕྲོད་བསྟེན་དང་བཅས་པ་ཚང་མ་གང་ལ་གང་འཚམས་འགྲིག་བསྡད་ཡོད་པའི་རེ་བ་ཡིན། ད་ག་རེ་ཡིན་ན་མིན་ན། དེང་སང་འདི་ན་ནམ་དུས་ཚ་བའི་སྒང་རེད། དེ་ནས་བཞུགས་ས་ཐམས་ཅད་ཚང་མ་ཚ་བོ་ཡིན་རྒྱུ་རེད། སྐུ་ངལ་འོ་རྒྱལ་ཆེན་པོ་ཡིན་རྒྱུ་རེད་དེ། ད་དང་པོ་ཐུགས་དགོངས་དག་ཞུ་རྒྱུ་ཡིན། ཚང་མ་སྐུ་ངལ་བསྐྱོན་ནས་ཕེབས་བསྡད་པ་ཙམ་གྱིས་མ་ཚད་པར་དཔལ་འབྱོར་གྱི་འགྲོ་སོང་རེད། རང་རང་གི་དཀའ་ལས་རེད། གཟུགས་པོའི་ཆ་ནས་སྐུ་ངལ་འོ་རྒྱལ་ཡོད་པ་དེ་ངས་ཧ་གོ་ཡི་ཡོད། ད་དུང་དེ་ཡིས་མི་ཚད་པ་ཚང་མས་ཀུན་སློང་ཡག་པོ་བཟུང་ནས་མཆོད་འབུལ་གྱི་ཆེད་དུ་གནང་བ་ཡང་རྒྱ་ཆེན་པོ་རེད། ད་དེ་འདྲ་བྱས་དུས། ཚང་མ་ལ་རང་རང་གི་དཔལ་འབྱོར་ལ་ལྟོས་པའི་ཚང་མ་ལ་འབུལ་གནས་རེད། བསྔོ་འབྲས་རེད་གང་གཟབ་གཟབ་གནང་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཞིས་བྱེས་ཚང་མ་རེད། ང་ཚོ་གཅིག་པུ་མ་རེད། རྒྱལ་ཁབ་གཞན་པ་ལ་འཁོད་པའི་ང་རང་ཚོའི་མི་རིགས་ཐམས་ཅད་དང་། ཕྱོགས་ཕན་ཚུན་ལ་ཡོད་པའི་རྒྱལ་ཁབ་གཞན་དག་གི་མི་རིགས་ཐམས་ཅད་སོགས་གང་དང་གང་ཡིན་པ་ཐམས་ཅད་ཀྱིས་མཐུན་རྐྱེན་རོགས་རམ་གང་གཟབ་གཟབ་གནང་བ་དེ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

          དེ་ནས་ད་ཚང་མས་དམིགས་གཏད་དང་རེ་བ་དེ་བརྟན་བཞུགས་རེད་ལ་བརྟན་པོ་བཞུགས་པའི་ཆེད་དུ་འབུལ་བ་ཡིན་ཟེར་ཏེ་ཞལ་འདེབས་བརྒྱབ་རྒྱུ་དང་། མཆོད་འབུལ་བྱེད་རྒྱུ་རྣམས་ཕྱོགས་ཚང་མས་རེ་བ་དང་བཅས་བརྟན་བཞུགས་ཞེས་པ་ཏེ་ཚེ་རིང་པོ་ཞིག་ལ་བསྡད་རྒྱུའི་རེ་བ་བརྒྱབ། སྨོན་ལམ་བཏབ། དེ་འདྲ་བྱེད་རྒྱུའི་ཆེད་དུ་ཡིན་པ་རེད། ཚིག་གི་ཆ་ནས་བཞག་ན། ཡིན་ན། ང་རང་གི་ངོས་ནས་བསམ་བློ་གཏོང་ན། ཚེ་རིང་པོ་བརྟན་པོ་བཞུགས་དང་མི་བཞུགས་ཀྱི་དབང་ཆ་ཡོད་མཁན་ཞིག་ད་བྱུང་མ་སོང་། ད་ཚེ་ཡི་མཐའ་མ་རེད། བསམ་རྒྱུ་གཏོང་རྒྱུ་དང་པོ་སྔོན་ནས་གཡུང་དྲུང་གི་བོན་ལ་སྤྱོད་ནས་ཚེ་རིང་པོ་དང་། བརྟན་པོ་འདུག་རྒྱུ་དང་དེ་འདྲ་ཞིག་སྒྲུབ་བྱེད་ཀྱི་ཅ་ལག་དང་བཅས་པ་ཆ་ཚང་བ་ཞིག་ང་ཚོ་ལ་ཡོད་པ་རེད། ཡིན་ནའང་རང་རང་གིས་ཧ་གོ་ཡི་ཡོད། ཤེས་ཀྱི་ཡོད་དེ་ལག་ལེན་མ་ཐེབས་པ་རེད།

          ད་གང་ཅིར་ཚེ་རིང་པོ་བསྡད་རུང་མ་བསྡད་རུང་ཚེ་རིང་པོའི་དགོས་པ་ཞིག་མ་བྱུང་ན། དེ་གར་ཞིག་ཚེ་རིང་པོ་བྱས་ན་མ་བྱས་ན། མི་ཁ་ཤས་ཚེ་རིང་པོ་བསྡད་ནས་དཀའ་ལས་ཆེན་པོ་ཡོད་པའི་བཟོ་བལྟ་ཡོད་རེད། འགའ་ཤས་ནི་སྐྱིད་དྲགས་པའི་བཟོ་བལྟ་ཡོད་རེད། ཁ་ཤས་ནི་ཨོ་ཙམ་ཨོ་ཙམ་བྱས་ཏེ་མི་ཚེ་འཁྱོལ་འགྲོ་མཁན་ཡོད་རེད། ཚེ་རིང་པོ་བསྡད་པའི་དགོས་པ་དེ་རང་རང་གི་ངོས་ནས་བལྟས་ན་ཚེ་རིང་པོ་བསྡད་རུང་མ་བསྡད་རུང་ལོ་ཆུང་ངུའི་དུས་ནས་ད་ལྟ་མ་རེད་བར་དུ་ག་རེ་བྱས་ན་མ་བྱས་ན། འཇོན་ཚད་ཐུབ་ཚད་ཚང་མ་དེ་སྤྱིར་གཡུང་དྲུང་བོན་གྱི་ཞབས་ཕྱི་རེད། སྒོས་སུ་རང་རང་སོ་སོའི་ལས་དང་བསྐོས་པ་རེད། རྒྱལ་བ་སྨན་རི་བ་ཡི་བསྟན་པའི་བདག་པོ་འདྲ་བོ་ཞིག་འགན་བབས་སོང་། ང་འཇོན་དྲགས་པ་མ་རེད་དེ། གང་ས་སྤྱི་ཐད་ནས་བཞག་བཞག་པ་རེད། ངའི་མགོ་ལ་བཀལ་བཞག་པ་རེད། ད་དེ་རང་གི་ཚོད་ནས་བྱས་པ་ཡིན་ན། ཐུབ་ཟེར་ན་འདྲ། མ་ཐུབ་ཟེར་ན་འདྲ། གང་དྲག་དྲག་བྱས་པ་རེད། ཡིན་ཚོད་ཡིན་ཚོད་བྱས་ཏེ་མཐའ་མ་འདྲ་བོ་འདི་ག་ཞིག་བྱུང་བ་རེད། དེ་ཙམ་རེད། ད་རང་གི་འཇོན་ཚོད་ནུས་ཚོད་རེད། ག་རེ་བྱས་ན་མ་བྱས་ན། བསམ་པ་དེ་གཡུང་དྲུང་གི་བོན་རེད། རང་རང་གི་ཕན་བདེ་རེད། ཚང་མ་ཡི་ཁྲོད་ལ་ག་ཚད་ཐུབ་ཐུབ་ཀྱི་བར་དུ་ཞབས་ཕྱི་ཞུས་བཞག་པའི་རེ་བ་ཡིན། དེ་ཞུས་པ་ཙམ་གྱིས་མ་ཚད་པར་མ་འོངས་པ་ལ་ཡང་གང་ལ་གང་འཚམས་ཤིག་སྟེ་ངའི་མཇུག་གུ་ནས་འདི་དང་དེ་ཞེས་བྱ་བའི་ཕ་གིར་རྒྱ་གར་ལ་སྨན་རི་དགོན་པ་རེད། འདི་རུ་ཡིན་ན་ཁྲི་བརྟན་ནོར་བུ་རྩེ་རེད། རྗེས་འཇུག་གཉིས་པ་ཡི་ཚུལ་ལ། ད་རང་ཚེ་ཡི་མཐའ་མ་བྱུང་ན་ཡང་སྐྱོན་མེད་བསམ་པའི་ཡིད་ཆེད་ཡོད། རྗེས་བཞག་བྱས་བཞག་ཡོད། སྲ་ཐག་ཐག་བཟོས་ནས་འགྲིག་ཐག་གཅོད་ཡོད། ད་དེ་ལ་ང་རང་སྙིང་ཐག་པ་ནས་ཡིད་ཆེས་ཡོད། དགའ་པོ་ཡོད། འཛིན་ཐུབ་པ་ཡོད་བསམ་པ་ཡིན།

ད་དང་པོ་བྱུང་ཁུངས་འདྲ་བྱས་པ་ཡིན་ན་སྐྱབས་བཅོལ་བ་རེད། གནས་སྟངས་ཧ་ཅང་གི་ཐབས་སྐྱོ་པོ་བྱུང་བ་རེད། དེ་ཡི་ནང་ནས་སྤྱིར་དང་པོ་ང་ཚོའི་འགོ་ཁྲིད་བླ་ན་མེད་པ་རྒྱལ་བ་ཡིད་བཞིན་ནོར་བུ་དེ་སྐུ་ཁམས་བཟང་པོའི་ཐོག་ནས་ཕྱི་ལོགས་ལ་གདན་འདྲེན་ཞུ་ཐུབ་པ་བྱུང་བ་དེ་གཅིག་རེད། གཉིས་ཀྱི་ཚོད་ནས་བོད་མི་མང་ཚང་མས་ནུས་ཤུགས་གཅིག་སྒྲིལ་བྱས་ཏེ་རང་རང་གི་ཁ་དང་ལྟོ་ཚེ་ཕུད་བྱེད་ཙམ་གྱིས་མ་ཚད་པར་རང་རང་གི་ཆོས་དང་རིག་གཞུང་བདག་པོ་རྒྱག་རྒྱུའི་བསམ་བློ་གཏོང་མཁན་ཡོད་རེད། དེ་འདྲ་ཞིག་བྱེད་ཐུབ་ཐུབ་པ་རེད། ཐུབ་བསྡད་ཡོད་རེད། ད་ཚང་མ་དེ་ལ་ཡིད་ཆེས་ཡོད། དེ་ནས་བྱ་བ་ལས་གསུམ་གང་དང་གང་བྱས་པ་ཐམས་ཅད་དེ་ཆུང་ནས་ད་བར་དུ་ལས་ཀ་རང་ལ་འགན་འཁྲིས་བསྡད་པ་རེད། ག་རེ་བྱུང་ན་མ་བྱུང་ན་བསམ་བློ་གཏོང་རྒྱུ་ཚང་མ་དེ། སྤྱིར་རྒྱལ་བ་སྨན་རི་བའི་བསྟན་པ་རེད། སྒོས་སུ་རང་ལ་ལྟོས་པའི་སེམས་ཅན་ཐམས་ཅད་ཀྱི་ཕྱི་དང་ནང་དང་ཚང་མ་ལ་བསམ་བློ་བཏང་ནས་ཕན་ཐོགས་ཤིག་ཨེ་ཡོང་བསམ་པའི་རེ་བ་བརྒྱབ་སྟེ་ད་བར་དུ་བྱས་པ་རེད། དེ་འདྲ་ཡིན་དུས། ལས་རྒྱུ་འབྲས་ལ་བསླུ་བ་མེད་དུས་ད་ལྟ་ཚང་མ་རུག་རུག་བྱས་ནས་འདུ་ས་ཞིག་དང་། ཚོགས་ས་ཤིག་དང་། ས་གནས་བཟུང་རྒྱུ་ཡོད་པ་དང་། འདི་ལ་སུ་གང་ཞིག་མ་ཕྱེ་པར་ས་གནས་ཁག་མང་པོ་དང་རྒྱལ་ཁབ་མང་པོའི་ཚོད་ལ་སྤྱིར་བཏང་བོད་མི་རེད། སྒོས་སུ་བོན་པོའི་ཆོས་ལུགས་འཛིན་མཁན་དེ་སྲ་ཐག་ཐག་ངང་ཚོགས་པ་དང་། ཆོས་སྡེ་འདྲ་མི་འདྲ་མང་པོ་ཞིག་གསར་དུ་བྱུང་བསྡད་པ་རེད། ཡིན་ཚུལ་འདྲ་བྱས་ན་བོན་པོ་དེ་རྗེས་ལུས་ཐེབས་བསྡད་པའི་བཟོ་བལྟ་རེད་དེ། ད་ལན་གྱི་ཚོད་བྱས་ན། ད་རྗེས་ལུས་རང་ཧ་ཅང་ཡིན་རྒྱུ་རེད་བསམ་བསམ་མེད། ཕྱོགས་དང་ཕྱོགས་ཕན་ཚུན་ག་ན་ཡིན་ན་རང་རང་ལ་བསྟེན་བསྡད་པའི་ཆུང་བ་ཐམས་ཅད་ཚང་མ་ཡར་ཚར་ནས་རང་རང་སོ་སོས་ལས་ཀ་རེ་ལས་ཡོང་དུས་ཚང་མ་ཡིས་འཕྱར་བ་མཉམ་འདེགས་བྱས་ནས་གཡུང་དྲུང་བོན་གྱི་བསྟན་པ་ལ་བསམ་བློ་བཏང་བསྡད་དུས་ཏོག་ཙམ་སེམས་པ་དགའ་པོ་ཡོད། བརྟན་པོ་ཡོད། སྔར་དང་མི་འདྲ་བར་སེམས་འཕང་མར་དམའ་དགོས་པ་མེད། དེ་འདྲ་བསམ་པ་ཡིན།

དམིགས་བསལ་གྱི་ད་ལྟ་རུག་རུག་བྱེད་བསྟན་པ་ཟུར་གཅིག་ནས་རང་རང་སོ་སོ་ལ་ཡོན་ཏན་དགོས་ཀྱི་རེད། གཉིས་པའི་ཐད་ནས་དཔལ་འབྱོར་དགོས་ཀྱི་རེད། དཔལ་འབྱོར་གྱི་ཚོད་ལ་མཐུན་རྐྱེན་རོགས་རམ་བྱེད་མཁན་ཕྱི་ཡི་རྒྱལ་ཁབ་སོ་སོའི་མི་རིགས་དང་། ག་ལེར་ག་ལེར་གྲོགས་པོ་ཕན་ཚུན་དང་མཐུན་རྐྱེན་སྦྱར་རོགས་བྱེད་མཁན་གྱི་སྦྱིན་བདག་དང་། ཚང་མ་ཡི་མཐུན་རྐྱེན་ལ་བརྟེན་ནས་ད་ལྟ་རུག་རུག་བྱེད་ས་ཡི་ས་གནས་འདི་དང་འདི་འདྲ་མོ་ཞིག རྒྱལ་ཁབ་གཞན་པ་དང་། ས་གནས་གཞན་པ་དང་། ཡུལ་རིགས་གཞན་པ་བཅས་ཚང་མ་ལ་གཡུང་དྲུང་གི་བོན་ཟེར་བ་དེ་མགོ་འཕང་དམའ་མི་དགོས་པ་ཞིག་བྱུང་བ་དེ་ཚང་མའི་མཐུན་རྐྱེན་རོགས་རམ་འཕྱར་བ་གྲུ་འདེགས་བྱས་ནས་བྱུང་བ་རེད་མ་གཏོགས་ང་ཚོ་མི་རང་རང་སོ་སོའི་ངོས་ནས་བཟོས་བསྡད་པ་མ་རེད། དེ་ཚང་མ་ངས་ཧ་གོ་ཡི་ཡོད། ཕྱི་ཡི་རྒྱལ་ཁབ་ཀྱི་མི་རིགས་ཐམས་ཅད་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རང་རང་སོ་སོ་ནང་གི་མི་ཡིན་ན་ཚང་མ་ཡིས་བསམ་ཕྱོགས་གཅིག་གྱུར་བྱས་ཏེ་ཁ་བྲོ་བཀྲ་ཤིས་བྱས་ནས་བསམ་བློ་གཏོང་སྟངས་གཅིག་པ་བྱས་བསྡད་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་བསམ་པ་ཡོད། དེ་ཚང་མ་དེ་འཕྱར་བ་གྲུ་འདེགས་བྱས། དཔལ་འབྱོར་གྱི་ཆ་ནས་ཕྱོགས་ཕན་ཚུན་ཚང་མས་མཐུན་རྐྱེན་རོགས་རམ། ཞལ་ཁ། ཞལ་འདེབས་གནང་བཞག་པའི་བཀའ་དྲིན་ལ་བརྟེན་ནས་རུག་རུག་བྱས་པ་ཞིག་མ་གཏོགས་ང་ཚོ་རང་རང་སོ་སོ་ཡི་ཡུལ་ལུང་པ་ནས་ཁུར་ཡོང་བའི་དཔལ་འབྱོར་ཡོད་མ་རེད། དེ་འདྲ་ཡིན་དུས་ཚང་མས་རང་རང་གིས་བཟོས་བཞག་པ་ཡིན་བསམ་ནས་ཐུགས་བསམ་བཞེས་རོགས་གྱིས། ད་ལྟ་ཡིན་ན་རེད། མ་འོངས་པར་ཡིན་ན་རེད། ད་རུང་ཡིན་ན་རྒྱ་གར་དང་བལ་ཡུལ་གཉིས་ཀ་ལ་ཡོད་པའི་གཡུང་དྲུང་བོན་ལ་སྤྱོད་བཞིན་པའི་དགེ་འདུན་པ་ཡོད། དེ་ཚོ་ཐམས་ཅད་དེ་མ་འོངས་པ་ལ་བསྟན་པ་འདི་ཡི་བདག་པོ་ཞིག་འགྱུར་མཁན་སོན་རྩ་འདྲ་བོ་ཞིག་ཡིན་བསམ་པའི་རེ་བ་ཡིན། ཡིན་ཡང་ཡིན་ཐག་གཅོད་རེད། ད་དེ་འདྲ་བྱེད་དུས་རེ་བ་ཡང་ཡོད། དེ་ལ་ཚང་མས་འདུ་ཤེས་ཡག་པོ་འཇོག་ནས་ཕྱི་ལོགས་རྒྱལ་ཁབ་མི་འདྲ་བ་ནས་འདི་ན་ཕེབས་བསྡད་མཁན་ཚང་མས་ཐུགས་ལ་བཞག་ནས་མ་འོངས་པ་ལ་ཡིན་ན་ཐུགས་བསམ་ཡག་པོ་བཞེས་རོགས་གྱིས། ཞལ་ཁ། ཞལ་འདེབས་རོགས་པ་ག་རེ་དགོས་འདུག་ན་ཚང་མ་ཡིས་གནང་རོགས་གྱིས། སུ་ལ་ཕན་རེད་ཟེར་ན། མི་གཅིག་གི་གཟུགས་པོའི་ཆ་གཅིག་ལ་རོགས་པ་བྱས་ན་ཚ་མེད་དེ་བདེ་མོ་བྱུང་ན་གཟུགས་པོ་ཚང་མ་ཕན་ཐོགས་ཀྱི་འདུག་བ། དཔེ་དེ་འདྲ་བོ་ཞིག་རེད། ཐུགས་རྗེ་ཆེ་དེ་ཐུགས་བསམ་བཞེས་རོགས་གྱིས་ཞུ་རྒྱུ་ཡིན།

ད་རང་རང་གི་ངོས་ནས་བལྟས་ན་བསྟན་པའི་ཞབས་ཕྱི་ག་རེ་ཞུས་ཡོད་ཟེར་ན། སྤྱིར་བཏང་ཞིབ་ཕྲ་བྱས་ནས་ཞུ་དགོས་དོན་ཡོད་མ་རེད། ཕལ་ཆེ་ཤོས་ཤིག་མིག་གིས་མཐོང་ལག་པས་ཟིན་སྡོད་མཁན་རེད། ད་དང་པོ་སྔོན་ནས་མི་ཆུང་ཆུང་ཚང་མ་ཕྲུ་གུ་དུས་ང་ཚོ་རུག་རུག་བྱས་ཏེ་ཀ་ཁ་ག་ང་ཐོག་མར་བསླབ་པ་ནས་འགོ་བཟུང་སྟེ་ང་བདག་པོ་འདྲ་བོ་བྱས། ཁོང་སྐད་སྒྱུར་བྱེད་མཁན་ཁྱིམ་གསར་བླ་མ་དགེ་རྒན་བྱས། འདུག་ས་རས་ཀྱི་གུར་ཕུབས། དེའི་ནང་དུ་ཕྲུ་གུ་ཁ་ཤས་ཡོད་རེད། ད་དེ་ཚོ་འཚར་ལོངས་བྱུང་ནས་ད་ལྟ་པ་ལགས་དང་ཨ་མ་ལགས་རེད་འདུག ད་དེ་འདྲ་ཞིག་གི་དུས་ཚོད་ཚེས་པ་རེད། ད་ལྟ་བར་དུ་ཚང་མ་ཡིས་ས་གནས་ལ་ཁྱད་པར་ཡོད་ཀྱང་སེམས་ལ་ཁྱད་པར་མ་བྱས་དུས་ཚང་མ་འབྲེལ་ཐག་མ་ཆད་ནས་ད་ལྟ་རུག་རུག་བྱེད་རྒྱུ་ཡོད་པ་དེ་ཤིན་ཏུ་དགའ་པོ་ཡིན། ད་དེ། ད་ལྟ་པ་ལགས་དང་ཨ་མ་ལགས་ཀྱིས་ཚད་པ་མ་རེད། གཉིས་གསུམ་བཞི་ལྔ་དེ་འདྲ་ཡོད་བསྡད་པ་རེད། དེ་ཡར་རྒྱས་སོང་བ་ཡིན་པ་རེད། མ་འོངས་པ་ལ་ཡིན་ན། ང་ཚོ་འདི་ན་རེད། དགེ་འདུན་པ་རྣམ་པ་ཚང་མ་ལ་དེ་ཞུ་རྒྱུ་ཡིན། ཕྱི་ལོགས་ལ་བསྡད་བཞག་པའི་ཡོན་བདག་ཕོ་མོ་ཐམས་ཅད་ཀྱིས་ད་ལྟ་མ་རེད་བར་དུ་མཐུན་རྐྱེན་སྦྱར་བ་རེད།

དམིགས་བསལ་གྱི་ད་ལྟ་འདི་རུ་འདྲ་བོ་ཞིག་ཡིན་ན། ང་རང་ཆུང་ནས་འདྲིས་བསྡད་པའི་དཔལ་འབྱོར་ནོར་བུ་རེད། ང་རང་རྒྱ་གར་ལ་ཡོད་དུས་ང་རང་གིས་མ་བྱས་ན་སུ་གཅིག་བྱེད་མཁན་ཡོད་མ་རེད། ས་སྟོང་པ་རེད། དེ་དུས་འགན་ཆེན་པོ་ཁུར་ཚར་བ་རེད། ད་དེའི་གཞུག་ནས་འདི་རུ་ཡོང་དུས་ངས་དངུལ་རག་པ་རྣམས་ནོར་བུའི་ལག་ཏུ་བཞག་པས་ས་ཆ་ཉོ་རྒྱུ་ནས་འགོ་བཙུགས་ཏེ་ཉི་མ་ད་ལྟ་མ་རེད་བར་དུ་ཚང་མ་ཁོ་རང་གི་ལས་དཀའ་རེད། ཕྱི་ཡི་ནུས་ཚོད་དེ་རེད།

ད་ང་ལོ་འདི་གར་ཞིག་སླེབས་ཚར་དུས་ངས་ལས་དཀའ་ཚང་མ་མཚམས་ཚར་ཏེ་མཁན་པོ་བསྐོས་བཞག་ཡོད། དཔོན་སློབ་བསྐོས་བཞག་ཡོད། སྒྲུབ་གྲྭ་བཙུགས་ཡོད། བཤད་གྲྭ་བཙུགས་ཡོད། ང་རང་གི་ལས་དོན་དེ་ཚང་མ་གྲུབ་ཡོད་བསམ་པ་ཡིན། དེ་ལ་འཐུས་ཤོར་མེད། ཡིན་ན་དེ་ལ་ཟུར་གཅིག་ནས་དཔལ་འབྱོར་དགོས་ཀྱི་རེད་མ་གཏོགས་ངས་དེ་འདྲ་བྱས་བཞག་ཡོད་ཟེར་ནས་ཡུས་བཤད་རྒྱུ་ཡོད་མ་རེད། དཔལ་འབྱོར་གྱི་ཚོད་ལ་སྦྱིན་བདག་རེད་ཐབས་འཚོལ་མཁན་བཅས་ཚང་མས་ཆེ་ཚོད་ཆུང་ཚོད་རང་རང་གི་འབྱོར་བ་དང་བསྟུན་ནས་བྱས་བཞག་པ་རེད་མ་གཏོགས། ང་ཚོ་ལ་གནམ་ནས་འཕུར་རྒྱུ་མི་འདུག ས་ནས་སྐྱེ་ཡོང་བ་མ་རེད། ཚང་མས་མཐུན་རྐྱེན་རོགས་རམ་བྱས་པའི་འབྲས་བུ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དེ་འདྲ་ཡིན་དུས་ཚང་མས་དམིགས་གཏད་བྱེད་རྒྱུ་འདྲ་དེ་ང་ལ་བརྟན་པར་བཞུགས་ཟེར་ནས་བརྟན་བཞུགས་བྱེད་རྒྱུ་རེད། ད་རེས་ཞུས་པ་ནང་བཞིན་རེད། བརྟན་པར་བཞུགས་དང་མི་བཞུགས་ཀྱི་དབང་ཆ་ཡོད་མཁན་ཞིག་ནི་བྱུང་མ་སོང་། ཡིན་ན་མཆོད་འབུལ་བྱས་བཞག་པ་དེ་འཁྲོག་བརླག་མ་སོང་བ་ཞིག་གི་ཆེད། ངས་དགེ་འདུན་རྣམ་པ་དང་བླ་མ་རྣམ་པ་ཚང་མ་ལ་སྙན་གསན་ཞུ་ནས་བདེ་བར་གཤེགས་པའི་གསུང་ཡན་ལག་བརྒྱད་པའི་མདོ་འདི་ལ་བརྟེན་ནས་མཆོད་འབུལ་ཞིག་བྱེད། བསྔོ་བ་དང་སྨོན་ལམ་ཡག་པོ་ཞིག་འདེབས། དེ་འདྲ་བྱས་ན་ཁྱོད་རང་ཚོས་འབུལ་སྣེ་བསྔོ་སྣེ་ཕུལ་བཞག་པ་ཐམས་ཅད་ཆུད་ཟོས་མ་སོང་བ་དང་། འཁྲོག་བརླག་མ་སོང་བ་ཡོང་གི་རེད།

དུས་ད་ལྟ་དེ་བྱེད་པའི་རིང་ལ་ཚང་མ་ཡིས་ཐུགས་ལྷོད་ལྷོད་གྱིས། སེམས་མཉམ་པར་ཞོག མཉམ་པར་བཞག་ཟེར་རྒྱུ་ཧ་གོ་རུང་མ་གོ་རུང་དོན་དག་དྲན་རྟོག་མང་པོ་མ་བྱེད། སེམས་པ་བདེ་མོ་བྱས་ཏེ་ལྷོད་ལྷོད་བྱས་ནས་བཞུགས་གནང་། བཞུགས་ས་ཡི་ཁྱད་པར་ལ་ལྷོད་ལྷོད་ཨེ་ཡོད་མི་ཡོད་ཧ་གོ་ཡི་མི་འདུག་སྟེ། ཡིན་ན་རང་རང་སོ་སོའི་ངོས་ནས་སེམས་པ་ལྷོད་ལྷོད་གྱིས། སྐྱ་སེར་སུ་ཡིན་ན་སེམས་པ་ལྷོད་ལྷོད་གྱིས། ཐུགས་བསམ་ཡག་པོ་བཞེས། གསོལ་བ་སྨོན་ལམ་ཡག་པོ་ཐོབས། ད་ངས་དགེ་འདུན་རྣམ་པ་ཚང་མ་ལ་སྙན་གསན་ཞུ་ནས་མདོ་ཡན་ལག་བརྒྱད་པའི་གསུང་བསྒྲག བསྔོ་བ་དང་སྨོན་ལམ་གྱིས་རྒྱས་གདབ་བྱེད། ད་དེ་བྱས་པ་ཡིན་ན་ཁྱེད་ཚོ་རྣམ་པ་ཚང་མས་འབྱོར་བ་ལ་ལྟོས་པའི་འབུལ་སྣེ་བསྔོ་སྣེ་ཕུལ་བཞག་པ་ཐམས་ཅད་དེ་ཆུད་ཟོས་སུ་མི་འགྲོ་བ་བྱེད་རྒྱུ་ཡིན། ཐ་ཚན་མུ་ཙུག་སྨར་རོ།། །།

(མ་རྩོམ་ཡོང་ཁུངས། གཏོ་ཡི་བཀའ་སྒྲོམ།)

85654cookie-checkང་རང་གི་ལས་དོན་དེ་ཚང་མ་གྲུབ་ཡོད་བསམ་པ་ཡིན།
(སྤྱིའི་གཟིགས་གྲངས། 359 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
མཁས་དང་གྲུ…
error: རྩོམ་འདི་བདག་དབང་ཅན་ཡིན།