བོད་ཆུ་ཡོས་ལོའི་སྲིད་རྒྱལ་འབུམ་ཚོགས་ཆེན་མོ།
གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་གྲྭ་ཚང་ནས་ལོ་སྟོད་དུ་མ་མཆོག་སྲིད་པའི་རྒྱལ་མོའི་འབུམ་ཚོགས་དང་། ལོ་སྨད་དུ་བླ་ཆེན་དྲན་པའི་འབུམ་ཚོགས་གཉིས་རེ་ལོ་ལྟར་འབུལ་སྲོལ་ཡོད་པ་ལས་འབྱུང་ལྡན་ ༣༠༡ གི་བོད་ཆུ་ཡོས་ལོ་འདིའི་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་ཆེན་མོ་དེ་ཉིད་ཕྱི་ལོ་ ༢༠༢༣ ལོའི་ཟླ་བ་ ༥ པའི་ཚེས་ ༡༨ ནས་ ༢༤ བར་ཉིན་གྲངས་བདུན་གྱི་རིང་རྒྱས་འབུལ་གནང་བཞིན་ཡོད།
དེ་ཡང་ཕྱི་ཚེས་ ༡༧ ཉིན་གྲྭ་མང་ཡོངས་ནས་དཀྱིལ་འཁོར་བཅའ་བཀོད་དང་ཚོགས་རྫས་བཤམ་བདལ། གཏོར་བཟོ་མར་རྒྱན་སོགས་མཆོད་བཟོའི་རིམ་པ་རྣམས་ལེགས་པར་གྲུབ་པར་མཛད།
ཕྱི་ཚེས་ ༡༨ ཉིན་སྲིད་རྒྱལ་འབུམ་ཚོགས་ཆེན་མོ་དངོས་སུ་དབུ་འཛུག་གནང་སྟེ་བསྟན་འགྲོ་སྤྱི་དང་ཁྱད་པར་དུ་ཞྭ་དཀར་གཡུང་དྲུང་བོན་གྱི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་ ༣༤ པ་ཆེན་མོ་མཆོག་དང་། དམུ་རིགས་གཤེན་གྱི་གདུང་སྲས་རྣམ་པ་གཉིས། ལྷག་དོན་དུ་རང་ཅག་སངས་རྒྱས་གཡུང་དྲུང་བོན་གྱི་འདུལ་སྔགས་རྫོགས་གསུམ་གྱི་དབང་ལུང་ཁྲིད་དང་མན་ངག་གི་ཆུ་བོ་གཅིག་ཏུ་བསྡུས་ཏེ་འཛིན་སྐྱོང་སྤེལ་བའི་བཀའ་དྲིན་ཤིན་ཏུ་ཆེ་བ་རྒྱུད་གསུམ་བསྟན་པའི་མངའ་བདག་༸སྐྱབས་རྗེ་རྩ་བའི་བླ་མ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་རྣམས་ཀྱི་གཙོས་བསྟན་འཛིན་གྱི་སྐྱེས་ཆེན་གང་ན་སུ་བཞུགས་པ་རྣམས་ཀྱི་སྐུ་ཚེའི་བར་ཆོད་ཞི་བ་དང་། ཡངས་པའི་འཇིག་རྟེན་ཁམས་སུ་ནད་མུག་འཁྲུག་རྩོད་སོགས་མི་མཐུན་རྒུད་པའི་རིགས་མཐའ་དག་ཞི་བ་དང་། ལྷག་ཏུ་དད་སྦྱིན་ཁག་དང་མཆོད་འབྲེལ་གནང་མཁན་དད་ལྡན་ཕོ་མོ་རྣམས་ཀྱི་བར་ཆོད་རྐྱེན་ཟློག་ཕྱིར་དུ་དམིགས་ཏེ་གདན་ས་འདིའི་འདུས་མང་ནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་སྲུང་གཙོ་བོ་མ་མཆོག་སྲིད་པའི་རྒྱལ་མོར་འབུམ་ཚོགས་ཉིན་གྲངས་བདུན་རིང་རྒྱས་འཚོགས་གནང་བཞིན་པའི་གསར་གནས་སུ།
ཕྱི་ལོ་ ༢༠༢༣ ཟླ་ ༠༥ ཚེས་ ༡༨ ཉིན་གནས་བསྡུས་མཁོ་འདོན་པ་སྐྱ་ཀ་ཁྲ་བོ།
པར་པ་ཁྱུང་ཐོག་རྒོད།