རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་ལྔ་པ་དབུ་ཚུགས་པའི་གནས་བསྡུས།
<<རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་>>ཞེས་པ་འདི་ཐེངས་དང་པོ་ཕྱི་ལོ་༡༩༩༩ལོར་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་གྲགས་ཅན་མཁར་རྨེའུ་བསམ་གཏན་རྒྱལ་མཚན་དང་ཉི་ཧོང་གི་མཁས་དབང་ན་ག་ནོ་ Nngano གཉིས་ཀྱིས་གཙོ་འགན་འོག ཉི་ཧོང་གི་རྒྱལ་ས་ཨོ་ས་ཀ་ Osaka རུ་འཚོགས་པ་དང་། ཐེངས་གཉིས་པ་དེ་ཕྱི་ལོ་༢༠༠༨ལོར་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེས་གོ་སྒྲིག་འོག མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་གཙོ་འགན་བཞེས་ཏེ་ཧྥ་རན་སིའི་བོན་ཚོགས་གཤེན་བསྟན་དར་རྒྱས་གླིང་དུ་འཚོགས། ཐེངས་གསུམ་པ་དེ་ཕྱི་ལོ་༢༠༡༢ལོར་གདན་ས་ཁྲི་བརྟན་ནོར་བུ་རྩེ་ཕྱག་བཏབ་མི་ལོ་ཉེར་ལྔ་འཁོར་བའི་དུས་ཆེན་དང་བསྟུན་ནས་དགོན་འདིར་འཚོགས། ཐེངས་བཞི་པ་དེ་ཡང་ཕྱི་ལོ་༢༠༡༦ལོར་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་གིས་གཙོ་འགན་བཞེས་ཏེ་ཧྥ་རན་སིའི་བོན་ཚོགས་གཤེན་བསྟན་དར་རྒྱས་གླིང་དུ་འཚོགས། ད་ལན་<<རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་ལྔ་>>པ་དེ་ཡང་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་དུས་ཆེན་དང་བསྟུན་སྐྱབས་རྗེ་མཁན་རིན་པོ་ཆེའི་ལམ་སྟོན་འོག བགྲེས་པོའི་འབེལ་གཏམ་ཚོགས་པས་གོ་སྒྲིག་གནང་སྟེ་གདན་ས་ཁྲི་བརྟན་ནོར་བུ་རྩེར་འཚོགས་ཐུབ་པར་བྱུང་ཡོད། ཤར་ནུབ་ཀྱི་རྒྱལ་ཁབ་ཁག་མི་འདྲ་བ་བརྒྱད་ཙམ་ནས་ཕེབས་པའི་བགྲོ་གླེང་གསུང་བཤད་གནང་མཁན་རྣམ་པ་དང་། ཚོགས་ཞུགས་པ་ཟུར་ཉན་པ་བཅས་བགྲོ་གླེང་འཚོག་ཡུལ་དུ་དངོས་སུ་འབྱོར་ཏེ་ཚོགས་གྲལ་དུ་འཁོད་རྗེས་འདུས་མང་ཡོངས་ནས་གསོལ་འདེབས་མ་རིག་མུན་སེལ་གསུང་བཞིན་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་གིས་སྣང་གསལ་མར་མེས་ཞལ་དབྱེ་གནང་སྟེ་བགྲོ་གླེང་གི་གསུང་བཤད་མཁས་དབང་རྣམ་པ་དང་། ཚོགས་ཞུགས་པ་ཡོངས་ལ་འཚམ་འདྲིའི་ལེགས་གསོལ་དང་སྦྲགས་ཚོགས་འདུའི་བྱུང་རིམ་ངོ་སྤྲོད་དང་། ཚོགས་འདུའི་དམིགས་ཡུལ་དང་དགོས་པ་བཅས་ཀྱི་སྐོར་ནས་གསུང་བཤད་ཟབ་རྒྱས་གནང་། ཚོགས་འདུའི་དངོས་གཞིའི་སྐབས་སུ་དབྱིན་ཡུལ་གྱི་མཁས་དབང་ཆལ་སི་རམ་བྷོལ་ལམ་ Charles Rambel ལགས་ཀྱིས་གཙོ་སྐྱོང་གནང་ཐོག་མཁས་དབང་སྟོང་སྐོར་ཚེ་རིང་ཐར་ལགས་ཀྱིས་<<སྲིད་པའི་བོན་གྱི་བློ་བསྐྱེད།>> Towards an Understanding of Sipai Bön, “Bon of the Phenomenal World” ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཏེ་དྲི་བ་དྲི་ལན་གནང་བ་དང་། མཁས་དབང་ John Reynolds ལགས་ཀྱིས་ The coming of Bon to the West: he <<ཇོན་རིན་ནོར་ལགས་ཀྱིས་ནུབ་གླིང་ཁུལ་དུ་བོན་དར་འཕེལ། སློབ་དཔོན་བསྟན་འཛིན་རྣམ་དག་གིས་ཕྱི་ལོ་ ༡༩༨༩ ནས་ ༢༠༡༨ བར་ནུབ་ཕྱོགས་ཀྱི་སློབ་མ་རྣམས་ལ་བོན་ཁྲིད་གནང་བ་>> John Reynolds: The Coming of Bon to the West: The Teaching of Lopön Tenzin Namdak to Westerners, 1989-2018. ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་། དེ་རྗེས་གདན་ས་སྨན་རིའི་དགེ་བཤེས་ཁྲི་གཡུང་དྲུང་ལགས་ཀྱིས་<<བོན་པོ་དང་རྙིང་མ་པ་ཐུན་མོང་གི་གཏེར་སྟོན་པ་ཁག་གཅིག་གི་སྐོར།>> Accounts of Some Treasure-Revealers (Tertons) Shared by the Bonpo and Nyingmapa Traditions ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་། མཁས་དབང་ཨ་ལེགས་ཧན་ཌོ་ཆ་ཨོལ་ Alejandro Chaoul: ལགས་ཀྱིས་<<བོན་གྱི་འཁྲུལ་འཁོར་ཕྱག་ལེན་>> “Magical Movements” in Bonpo Manuals of Yogic Practice ཞེས་པའི་བརྗོད་གཞིའི་ཐོག་ནས་གསུང་བཤད་གནང་། ཉིན་རྒྱབ་མཁས་དབང་སྟོང་སྐོར་ཚེ་རིང་ཐར་ལགས་ཀྱིས་གཙོ་སྐྱོང་གནང་ཐོག་མཁས་དབང་ཀུན་དགའ་ཡེ་ཤེས་ལགས་ཀྱིས་<<གངས་དཀར་ཏི་སེ་ནས་མཆེད་པའི་གནས་བདག་གི་དད་མོས་ལ་དཔྱད་པ་>> A Study of the Local Deities Associated with Mt Kailash ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་། དེ་རྗེས་གདན་ས་ཁྲི་བརྟན་ནོར་བུ་རྩེའི་སློབ་གཉེར་བ་ཚུལ་ཁྲིམས་རབ་བརྟན་ལགས་ཀྱིས་<<བོན་ལུགས་དཔེ་རྙིང་དུ་འཁོད་པའི་གནའ་རབས་བོད་ཀྱི་མཁས་པའི་རྩོམ་རིག་འཆད་ཐབས་ཀྱི་སྙན་ཞུ་>>ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་། དེ་རྗེས་ Colin Millard ཀོ་ལིན་མི་ལར་ཌ་ལགས་ཀྱིས་ <<བོན་གྱི་གསོ་རིག་ལག་ལེན་རྒྱུན་སྐྱོང་>> Continuity in the Tradition of Bon Medical Practice “ཞེས་པའི་བརྗོད་གཞིའི་ཐོག་ནས་གསུང་བཤད་གནང་། དེ་རྗེས་ Film Preview <<གློག་བརྙན། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ནང་དོལ་པོ་བསམ་གླིང་དུ་དབལ་ཆུའི་ཆོ་ག་ཕྱག་ལེན་གནང་བའི་བརྙན་ཐུང་སྐར་མ་ ༡༨ ཅན་>> The Walchu Ceremony in Samling, Dolpo, November 2019 18mins ཞེས་པ་གཟིགས་འབུལ་ཞུས་པ་བཅས་ཐེངས་འདིའི་རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཉིན་དང་པོའི་ལས་རིམ་མཇུག་གྲུབ་བོ།།
རིག་པའི་མེ་ལྕེ་ནས་ཕྱི་ལོ་༢༠༢༠ཟླ་༡ཚེས་༢༢ཉིན།། །།
པར་པ་ཏི་སེའི་བུ།