ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྣམ་དག་འདུལ་བའི་བརྒྱུད་རིམ་གྱི་བཀོད་པ།

   རྩོམ་པ་པོ། ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ།

༄༅། །ཡང་དག་སྟོན་པ་རྫོགས་སངས་རྒྱས། །ཁྲི་གཙུག་རྒྱལ་ལ་ཕྱག་འཚལ་ལོ། །རྣམ་དག་འདུལ་བའི་ཁྲིམས་ཀྱི་ཚུལ།།  ཇི་ལྟར་བྱུང་དང་བརྒྱུད་པའི་ཚོགས། །བདག་ཅག་སྟོན་པ་རྫོགས་སངས་རྒྱས། །གྲངས་མེད་གོང་ནས་ཚོགས་བསགས་ཤིང་། །ཐམས་ཅད་མཁྱེན་པའི་དཔལ་རྫོགས་ཀྱང་། །གདུལ་བྱའི་འགྲོ་བ་ལ་དགོངས་ཏེ། །ལེགས་ལྡན་རྒྱལ་ལས་ཁྲིམས་ཆེན་བླངས། །དཀའ་ཐུབ་རྣམ་པ་གསུམ་མཐར་ཕྱིན། །སྐབས་ཀྱི་འགྲོ་ལ་ཁྲིམས་གནང་ཚུལ།  །རྣམ་དག་མཆོད་རྟེན་མདུན་དྲུང་དུ། །སེང་ཁྲི་པད་ཤུན་གདན་གྱི་སྟེང་། །ཞབས་བསིལ་སྐྱིལ་མོ་ཀྲུང་གིས་བཞུགས། །གསེར་མདོག་མཚན་དཔེའི་དཀྱིལ་འཁོར་འཛུམ། །གཟི་མདངས་འོད་ཀྱིས་གཞན་ཟིལ་གནོན།  །པད་ཞུ་ལས་སོགས་གོས་དྲུག་གསོལ།   །ཕྲེང་བ་ལས་སོགས་རྫས་ལྔ་བསྣམས། །ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས།  །དེ་ཡི་གཡས་སུ་ཡིད་ཀྱི་ཁྱེའུ་ཆུང་སྐུ་ལ་དག་པའི་ནབ་བཟའ་ཚུལ་གོས་དང་ལྡན་པར་བྱས་ཏེ་པད་ཤུན་གྱི་གདན་ལ་བཞེངས་ཏེ།  རྣམ་བཞིའི་ཁྲིམས་ཀྱི་མཁན་པོ་མཛད་དོ།  །གཡོན་དུ་འ་ཞ་གསང་བ་མདོ་སྡུད་ནི།  དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ཡིན་པས། ཤི་ཤོན་རས་བལ་གྱི་བླ་གོས་རྐྱང་པ་ཞིག་མནབས་ནས།  ན་ནམ་སྔོན་པོའི་གདན་ལ་བཞུགས་ཏེ། འདུལ་བའི་ཁྲིམས་ཀྱི་དཔང་པོ་མཛད་དོ། །དེ་ཡི་དྲུང་དུ་འཁོར་རྣམ་པ་གསུམ་གྱི་སྡེ་རྣམས་སོ་སོར་དབྱེ་ཞིང་།  ཕོ་གྲལ་གཡས་དང་མོ་གྲལ་གཡོན་དུ་བསྒྲིགས་སོ། །
དེ་ལྟར་བསྩལ་བྱའི་ཁྲིམས་ཀྱི་རྣམ་དབྱེ་ནི། བསྲུང་ཁྲིམས་ཡན་ལག་གི་མདོ་ལྟར། རྩ་བའི་སྡེ་གཉིས་ནི། ཁྱིམ་པ་དང་ནི་རབ་བྱུང་གི་སྡེ་གཉིས་སོ།  །རབ་ཏུ་བྱུང་བའི་སྡེ་ལ་གཉིས་ཏེ།  དག་པ་དྲང་སྲོང་གི་སྡེ་དང་། གཙང་མ་གཙུག་ཕུད་ཀྱི་སྡེ་གཉིས་སོ། །ཁྱིམ་པ་ལ་ཡང་གཉིས་ཏེ། ཚུལ་གནས་དགེ་བསྙེན་གྱི་སྡེ་དང་།  བསྙེན་གནས་ཡན་ལག་གི་སྡེ་གཉིས་སོ། །དེ་ལྟར་རྩ་བའི་ཁྲིམས་ཆེན་གྱི་སྡེ་བཞི་ལ། ཡན་ལག་ཏུ་གྱེས་པ་བརྒྱད་དོ། །
རབ་བྱུང་གི་སྡེ་ལ་གཉིས་ལ། དག་པ་དྲང་སྲོང་གི་སྡེ་ལ་གཉིས་ཏེ། དག་པ་དཀའ་ཐུབ་ཀྱི་སྡེ་དང་། སོ་སོར་ཐར་བའི་སྡེ་གཉིས་སོ། །གཙང་མ་གཙུག་ཕུད་ལ་གཉིས་ཏེ། ཚངས་སྤྱོད་མཚུངས་པའི་སྡེ་དང་། གཙང་གཙུག་དག་པའི་སྡེ་གཉིས་སོ།།
ཁྱིམ་པའི་སྡེ་གཉིས་ལ། ཚུལ་གནས་དགེ་བསྙེན་གྱི་སྡེ་ལ་གཉིས་ཏེ། ཚུལ་ལྡན་དགེ་བསྙེན་གྱི་སྡེ་དང་། ཚུལ་ཞུགས་དགེ་བསྙེན་གྱི་སྡེ་གཉིས་སོ། །བསྙེན་གནས་ཡན་ལག་གི་སྡེ་ལ་གཉིས་ཏེ།  ཡན་ལག་གཏན་སྲུང་གི་སྡེ་དང་།     ཡན་ལག་དུས་འཛིན་གྱི་སྡེ་གཉིས་ཏེ། རྩ་བའི་ཁྲིམས་ཆེན་སྡེ་བཞི་ལ། ཡན་ལག་གི་སྡེ་བརྒྱད་དུ་དབྱེ་བའོ། །དེ་ལ་ཉིང་ལག་ཉེར་བཞིའི་དབྱེ་བ་ནི། རེ་རེ་ལ་ཡང་གསུམ་གསུམ་དུ་དབྱེ་བ་སྟེ། དག་པ་དཀའ་ཐུབ་ཀྱི་སྡེ་ལ་གསུམ་སྟེ། སྙོམས་འཇུག་འགོག་པའི་སྡེ་དང་།  དག་པ་མཐར་ཕྱིན་གྱི་སྡེ་དང་། བསླབ་གསུམ་མཐར་རྫོགས་ཀྱི་སྡེ་དང་གསུམ་མོ། །
སོ་སོ་ཐར་པའི་སྡེ་ལ་གསུམ་སྟེ།  དག་པ་གདན་གཅིག་གི་སྡེ་དང་། དག་པ་གཞི་བཟུང་གི་སྡེ་དང་། དག་པ་ཚུལ་འཛིན་གྱི་སྡེ་དང་གསུམ་མོ། །ཚངས་སྤྱོད་མཚུངས་པའི་སྡེ་ལ་གསུམ་སྟེ། བྲམ་ཟེ་མཚུངས་སྤྱོད་ཀྱི་སྡེ་དང་། ཚངས་པ་མཚུངས་སྤྱོད་ཀྱི་སྡེ་དང་། ངང་པ་མཚུངས་སྤྱོད་ཀྱི་སྡེ་དང་གསུམ་མོ། །གཙང་གཙུག་དག་པའི་སྡེ་ལ་གསུམ་སྟེ། བསླབ་གསུམ་དག་པའི་སྡེ་དང་།  སྡོམ་ཚུལ་དག་པའི་སྡེ་དང་།  རབ་བྱུང་དག་པའི་སྡེ་དང་གསུམ་མོ། །བཅུ་གཉིས་པོ་ནི་ཁྱིམ་པ་ལ་མ་བརྟེན་པའི་སྡེ་རུ་དབྱེ་བའོ། །

(སྤྱིའི་གཟིགས་གྲངས། 168 དེ་རིང་། 1)
Pages: 1 2 3

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།