ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

མཛོད་དཔེ་ལ་དཔྱད་པའི་གཏམ།

 གཉིས་པ་མཛོད་འགྲེལ་སྐོར་བཤད་པ་ནི།

    སྲིད་པའི་མཛོད་ཕུགས་ལ་བརྟེན་ནས་མཛད་པའི་མཛོད་འགྲེལ་དུ་མ་བྱུང་ཡོད་པ་སྟེ། གཏེར་བྱུང་སྐོར་གཤེན་ཀླུ་དགས་སྲིད་པའི་མཛོད་ཕུགས་དང༌། དེ་དང་ལྷན་དུ་གཏེར་དྲངས་པའི་མཛོད་ཀྱི་འགྲེལ་ཆུང་ཞིག་ཡོད་པ་གསལ་བས། དེ་ནི་སྒ་སྟོན་གྱི་མཛོད་འགྲེལ་ནང་གསལ་བའི་མཁས་བཞིའི་འགྲེལ་ཆུང་ཞེས་པ་དེ་ཡིན་ནམ་སྙམ། གཉེན་སྟོན་གྱིས་གཏེར་དྲངས་པའི་མཛོད་འགྲེལ། མདོར་བསྡུས་འཇིག་རྟེན་གཏན་ཕབ།       ལྷ་ཡི་སྲས་པོའི་དོན་འགྲེལ།  དྲང་སྲོང་རྒྱལ་བའི་འབྲུ་འགྲེལ། གྱེར་མི་ཉི་འོད་ཀྱིས་གཏེར་དྲངས་བའི་བླ་ཆེན་དྲན་པས་མཛད་པའི་མཛོད་སྒྲ་འགྲེལ། གཏེར་སྟོན་གུ་རུ་རྣོན་རྩེས་རྟ་ནག་དུང་ཕོར་ནས་གཏེར་དྲངས་བའི་མཐོ་ཐོག་མཛོད། ནམ་མཁའ་སེམས་ཀྱི་མཛོད་ཆེན་བཅས་ཡོད། སྒ་སྟོན་གྱི་མཛོད་འགྲེལ་ནང་དུ་མཚུངས་ལྡན་རྣམ་པ་ལྔ་མཚུངས་བསྟན་སྐབས་སྟོང་རྒྱུང་གི་མཛོད་འགྲེལ་ཞེས་ལུང་དྲངས་འདུག་པའི་དཔེ་ཆ་དེ་མཁས་བཞིའི་འགྲེལ་ཆུང་ཞེས་པ་དེ་ཡིན་མིན་དང་གཏེར་མ་ཡིན་མིན་དཔྱད་དགོས་སོ། །བསྟན་པ་ཕྱི་དར་གྱི་སྐབས་སུ་བརྩམས་པའི་མཛོད་འགྲེལ་སྐོར། བྲུ་ཆེན་ནམ་མཁའ་གཡུང་དྲུང་གི་མཛོད་འགྲེལ། བྲུ་ཤ་ཁྱུང་གི་རྒྱལ་མཚན་གྱི་མཛོད་ཀྱི་ཏི་ཀ རྨེའུ་མཁས་པ་དཔལ་ཆེན་གྱི་མཛོད་འགྲེལ། སེ་སྟོན་དང་ཀུན་མཁྱེན་ཡེ་བློ་སློབ་དཔོན་བསོད་རིན་བཅས་ཀྱི་མཛོད་འགྲེལ། འགྲོ་མགོན་བློ་གྲོས་ཀྱི་ལུང་མཚན་ཉིད་སྲིད་པའི་མཛོད་ཀྱི་ཀླད་དོན་གྱི་འགྲེལ་བ། ཐེག་པ་སྣ་ཚོགས་ཀྱི་རྗོད་བྱེད་ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་པ་ཉི་མའི་འཁོར་ལོ། ཐེག་པ་སྣ་ཚོགས་ཀྱི་བརྗོད་བྱ་སྟོན་པར་བྱེད་པའི་ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་བ་ཡིད་བཞིན་ནོར་བུ་རྩ་བའི་ལུས་རྣམ་པར་བཞག་པ་དོན་གྱི་གནས་ལུགས་གཏན་ལ་ཕབ་པའི་འགྲེལ་བ། ལུང་མཚན་ཉིད་སྲིད་པའི་མཛོད་ཀྱི་ས་བཅད། སྣོད་བཅུད་མཛོད་ཀྱི་ས་བཅད། གཉོས་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱི་སྣོད་བཅུད་གཞུང་དང༌། སྣོད་བཅུད་ཀྱི་འགྲེལ་བ་ཉི་ཟེར་ཅན།   གནས་གསུམ་ལས་བཏུས་པའི་འཇིག་རྟེན་སྣོད་བཅུད་ཀྱི་གནས་ལུགས་གཏན་ལ་ཕབ་པའི་གཞུང་གི་འབྲུ་ཏིག བྲུ་རྒྱལ་གྱི་མཛོད་འགྲེལ། སྒ་སྟོན་གྱི་མཛོད་ཀུན་བཏུས་དང༌། བདེན་པའི་མཛོད་ཕུགས་རྣམ་པར་འབྱེད་པའི་ལྡེ་མིག རྨེའུ་ལྷ་རི་གཉེན་པོའི་སྣོད་བཅུད་སྐོར། མཁས་གྲུབ་རིན་བློའི་མཛོད་ཀྱི་ས་བཅད། སྟག་ཚའི་བཙུན་པ་བླ་མ་རྒྱལ་མཚན་གྱི་སྣོད་བཅུད་ཀྱི་ཡིག་སྣ། རྒྱལ་ཚབ་རིན་ཆེན་རྒྱལ་མཚན་གྱི་མཛོད་ཀྱི་ཐལ་ཕྲེང་གསལ་བའི་སྒྲོན་མེ། མཁས་གྲུབ་བསོད་ནམས་གཡུང་དྲུང་གི་མཛོད་ཀྱི་བསྡུས་དོན་རབ་གསལ་བཅས་དུ་མ་བྱུང་ཡོད་པ་གསལ་ཡང་ད་ལྟ་ཉུང་ཤས་ཤིག་མ་གཏོགས་ཐམས་ཅད་སློབ་གཉེར་བའི་མཇལ་ཡུལ་དུ་གྱུར་མེད། འགའ་ཞིག་གཏན་དུ་རྩ་ནུབ་སོང་ཡོད་ཀྱང༌། འགའ་ཞིག་ལུང་ཕྲན་ཁ་ཤས་ནང་ཁྱབ་སྤེལ་དང་ལྟ་རྟོག་གནང་མཁན་མེད་ནས་རྡུལ་གྱི་ན་བཟའ་གསོལ་ཏེ་ཙི་ཙིའི་ཁ་ཟས་སུ་གྱུར་ནས་བཞུགས་ཡོད་སྲིད་པས་རིམ་བཞིན་མཇལ་བའི་སྨོན་ལམ་འདེབས་པ་ལགས་སོ། །

འགྲན་བྲལ་བློ་ལྡན་བྱེ་བའི་ལྗགས་རྩེ་ལས། །རིན་བྲལ་མཛོད་ཀྱི་རྣམ་བཤད་བརྡོལ་བའི་རླབས། །
ཁ་བའི་སྟོད་གཡོགས་ཕུད་པའི་སྨན་ལྗོངས་སུ། །རབ་མཛེས་རྟིང་འཐུང་རྒོད་པའི་མཛེས་སྡུག་འཕྲོག །

 གཉིས་པ་མཛོད་འགྲེལ་དངོས་ལ་དཔྱད་པ་ནི།

མཛོད་གནས་བཅུ་བདུན་གྱི་འགྲེལ་བ་མཁས་པ་མི་བཞིས་མཛད་པ་ཞེས་པའི་དཔེ་ཆ་འདི་ནི་བོད་གཞིས་བྱེས་གང་སར་ཁྱབ་ཡོད་ཅིང་ལྷག་པར་སློབ་གཉེར་བ་དང་ཞིབ་འཇུག་པ་རྣམས་ཀྱིས་ལྟ་རྟོག་བྱེད་བཞིན་ཡོད་ཀྱང་ཕལ་ཆེ་བས་མཁས་བཞིའི་མཛོད་ཡིན་ཤག་བྱེད་ནས་མཁས་པ་མི་བཞིས་མཛད་པའི་མཛོད་འགྲེལ་ཡོད་མེད་དང༌། འདི་ཉིད་མཁས་བཞིའི་མཛོད་ཡིན་མིན་གྱི་བགྲོ་གླེང་དང་ཞིབ་འཇུག་བྱས་པའི་རྩོམ་ཡིག་གང་ཡང་བྱུང་མེད་པ་མ་ཟད། མཛོད་འགྲེལ་ཐོག་མ་མཛོད་ལྷ་འགྲེལ་ད་ལྟ་མཐོང་ཡུལ་དུ་མ་གྱུར་བར་ངོས་འཛིན་གནང་བའི་རྩོམ་ཡང་ཐོན་ཡོད། ད་ལན་ཁོ་བོ་ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་གིས་རྩ་ཆེན་གནའ་དཔེ་དུ་མ་དཔར་སྐྲུན་བྱེད་བཞིན་པའི་ལས་ལ་ཞུགས་ནས་ཞུ་དག་གི་ལས་ཀ་དངོས་སུ་བྱས་པ་མ་ཟད། མདོ་སྔགས་རབ་འབྱམས་སྨྲ་བའི་ངེས་པ་དོན་གྱི་མཁས་དབང་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་གིས་མཛོད་འདིའི་དཔེ་སྐྲུན་སྔོན་གླེང་འབྲི་དགོས་པའི་བཀའ་ཕབ་པ་དང་མཛོད་དཔེ་འདི་མཁས་བཞིའི་མཛོད་དང་ལྷ་འགྲེལ་གང་ཡིན་ཞིབ་འཇུག་དགོས་པའི་བཀའ་ལུང་བདུད་རྩི་ཟེགས་མ་གཙུག་ཏུ་སྨིན་པའི་སྐལ་བཟང་ཐོབ་པ་ལ་བརྟེན། མཛོད་གཞུང་འདི་ལ་ཞིབ་འཇུག་གི་ལས་དོན་དངོས་སུ་བརྩོན་པའི་གོ་སྐབས་སྨིན། དཔེ་སྐྲུན་སྔོན་གླེང་ནང་དུ་མདོར་བསྡུས་ཤིག་བྲིས་ཡོད་ཀྱང་གླེང་བརྗོད་ཀྱི་ས་མིག་ཆུང་བའི་རྐྱེན་གྱིས་འདོད་བློ་ཁེངས་པ་ཞིག་མ་བྱུང་བས་ད་ལན་སླར་ཡང་ཆེད་གཉེར་གྱིས་དཔྱད་རྩོམ་འདི་འབྲི་བར་སྤོབས།

(སྤྱིའི་གཟིགས་གྲངས། 203 དེ་རིང་། 2)
Pages: 1 2 3 4 5 6 7

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།