ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

མཛོད་དཔེ་ལ་དཔྱད་པའི་གཏམ།

    ད་ལན་དཔྱད་གཞིའི་མཛོད་དཔེ་སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མ་རིན་པོ་ཆེས་དཔར་སྐྲུན་གནང་བའི་བརྟེན་འགྱུར་ནང་གི་མཛོད་དཔེ་དང༌། ཁྱུང་པོ་སྟེང་ཆེན་དགོན་གྱི་བླ་རབས་ཉེར་བདུན་པ་བདག་གི་རྩ་བའི་བླ་མ་ཚོགས་གཉིས་རྒྱ་མཚོ་ནོར་བུའམ་དྲང་སྲོང་གི་མཚན་དུ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་མཆོག་གིས་དཀའ་བ་བརྒྱ་ཕྲག་དུ་མས་ལ་ལུང་བརྒལ་ཏེ་བཀའ་བརྟེན་དཔེ་རྙིང་ལྷན་ཚོགས་དངོས་སུ་བཙུགས་ཏེ་དག་བསྒྲིགས་བྱས་ནས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་གནང་བའི་བརྟེན་འགྱུར་ནང་གི་མཛོད་དཔེ་གཉིས་ལ་བྱས་པ་ཡིན། དཔེ་ཆ་འདི་གཉིས་ཀྱི་མ་དཔེ་ནི་རྔ་ཡུལ་སྣང་ཞིག་དགོན་དང་རྟོགས་ལྡན་དགོན་གཉིས་ལ་ཡོད་པའི་མཛོད་དཔེ་གཉིས་པོ་ཕན་ཚུན་ཤོག་ལྡེབ་ཆད་ལྷག་ཡོད་པ་རྣམས་གུང་བསྒྲིགས་ཏེ་རྩེ་དྲུག་དགོན་དུ་གསར་པ་ལག་བྲིས་བྱས་ནས་བརྟེན་འགྱུར་གྱི་མ་དཔེར་བཞག་པ་ཞིག་རེད་འདུག མཛོད་དཔེ་འདིའི་དབུ་ཡི་མཚན་དོན་ལ་མཛོད་གནས་བཅུ་བདུན་གྱི་འགྲེལ་བ་མཁས་པ་མི་བཞིས་མཛད་པ་ཞེས་བཏགས་འདུག དུས་ཚོད་ག་དུས་བཏགས། མི་གང་ཞིག་གིས་བཏགས་པ་རེ་ཞིག་ཁ་ཚོན་གཅོད་དཀའ་ན་ཡང༌། ཞིབ་ཏུ་དཔྱད་ན་མཛོད་ལྷ་འགྲེལ་དཔེ་དཀོན་ཡིན་པ་སོང་གསར་བཞེངས་བྱས་པའི་ཚེ། མ་དཔེ་ཧ་ཅང་རྙིང་ནས་དབུ་ཡི་མཚན་དོན་མི་གསལ་བར་གྱུར་པའམ། ཡང་ན་སྔར་གསུང་རབ་ལ་བཀུར་སྟི་བྱེད་ནས་དབུ་ལྡེབ་དེ་ཉིད་སྣམ་ཕྲུག་གོས་ཆེན་སོགས་ཀྱིས་མདུན་གྱི་ཡི་གེ་མ་གཏོགས་མི་མཐོང་བར་བྱས་ནས་གཡོགས་ཏེ་མདུན་དུ་ཚོན་སྣ་ལྔའི་ཞལ་ཁེབ་གསོལ་བའི་སྲོལ་ཡོད་པ་དེ་གང་རུང་གིས་རྐྱེན་གྱིས་མཚན་དོན་མི་གསལ་བར་གྱུར་ཏེ་མཁས་བཞིའི་མཛོད་ཡིན་པ་ཐག་བཅད་ནས་བཏགས་པ་ཡིན་པ་འདྲ། འདི་ལ་ཅི་ཙམ་དཔྱད་ན་མཛོད་ལྷ་འགྲེལ་ཡིན་པའི་རྒྱུ་མཚན་གསལ་པོར་འདུག   གཟིགས་དང༌། མཛོད་དཔེ་འདིའི་མཇུག་ཏུ། ཞང་ཞུང་སྟོད་ཀྱི་ཡུལ་དག་ཏུ། །གསལ་རབ་ལྷ་ཡི་སྲས་པོ་དེས། །གསལ་བའི་ཚིག་ལ་ངེས་པའི་དོན། །བཀའ་ལ་སྣང་བ་ཇི་བཞིན་བཤད། །དེ་ནས་དྲང་སྲོང་རྒྱལ་བས་བཤད། །དེ་ནས་མཁས་པས་བཤད་ཅིང་འགྲོ་བ་དྲངས་སོ། །དེ་ནས་བོད་ཡུལ་དབུས་འདི་རུ།    །ལྷ་ཀླུ་མི་དང་གསུམ་ལ་བསྟན་པ་བཤད།   དེ་ནས་མཁས་པ་མི་བཞིས་བསྟན་ཅིང་བཤད་པའོ་ཞེས་དང༌། སྐལ་ལྡན་སྣོད་བཟང་དབང་ཐོབ་འགས་བཤད་ཅིང་འགྲོ་བ་འདྲེན་པར་ཤོག་ཅེས་གཤེན་རབ་མཁས་པ་མི་བཞིས་དེ་སྐད་གསུངས་ནས་གཏེར་དུ་སྦས་ཞེས་པས།   མཛོད་དཔེ་འདི་ཉིད་གསལ་རབ་ལྷ་ཡི་སྲས་ཀྱིས་བཀའ་ལ་བརྟེན་ནས་བརྩམས་ཡོད་པ་གསལ་པོ་འདུག་ལ། མཛོད་དཔེ་གཏེར་སྦེད་མཁན་མཁས་པ་མི་བཞི་ཡིན་པ་ཙམ་ལས། མཛོད་འདི་རྩོམ་མཁན་ཡིན་པ་གསལ་མི་འདུག དེ་བཞིན་དུ་ཀུན་མཁྱེན་ཉི་མའི་བཀའ་བརྟེན་འགྱུར་གྱི་དཀར་ཆག་ནང༌དུ།   ལྷ་རབ་འོད་དཀར་གྱི་སྲས་པོ་ལྷ་གཤེན་ཡོངས་དག་གིས་མཛད་པའི་ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ཀྱི་རྣམ་བཤད་གཉན་མཐིང་གི་གཏེར་མ་ལྷ་སྲས་འགྲེལ་ལམ་ལྷ་འགྲེལ་དུ་གྲགས་པ་དང༌། ཞེས་པའི་ལུང་གོང་འོག་གཉིས་ལ་གཞིགས་ན་མཛོད་ལྷ་འགྲེལ་ཡིན་པ་གསལ་བོ་ཆགས་ཡོད། ལྷག་པར་དུ་འགྲོ་མགོན་མཛོད་དང༌། སྒ་སྟོན་མཛོད། རྗེ་རིན་པོ་ཆེའི་མཛོད་གསུམ་གྱི་ནང༌། མཁས་བཞིའི་མཛོད་ལས་ཞེས་པའི་ལུང་འདྲེན་མི་འདུག་ལ། སྒ་སྟོན་མཛོད་དང༌། རྗེ་རིན་པོ་ཆེའི་མཛོད་གཉིས་ནང་མཛོད་ལྷ་འགྲེལ་ལས་ཞེས་པའི་ལུང་འདྲེན་དུ་མ་ཡོད་པ་རྣམས། མཁས་པ་མི་བཞིས་མཛད་པ་ཞེས་པའི་མཛོད་ནང་དུ་ཡོད་པ་ཁ་ཤས་དཔེར་མཚོན་ཙམ་བཀོད་ན། རྗེ་རིན་པོ་ཆེའི་མཛོད་འགྲེལ་《གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཡིག་ཆ་དེབ་ཕྲེང་དྲུག་པ་རྒྱ་གར་ནས་དཔར་སྐྲུན་ཞུས་པ་ཤོག་གྲངས་༣༠》གཤེན་བུ་འབྲང་མིང་སྲིང་གཉིས་ཞེས་པ། སྲན་བུ་འབྲང་ང་དང༌། སྲན་ལྕམ་བྱུར་མ་སྲིད་དོ། །

       དེ་ནི་མོ་དགུའི་སྲིད་པ་ལས་སྲིད་ཚུལ་ལ་སོགས་སོ། །ཞེས་སོགས་གསལ་རབ་ཀྱིས་བཞེད་པ་བཀོད་པ་ཡིན་ནོ་ཞེས་པ། མཁས་པ་མི་བཞིས་མཛད་པ་ཞེས་པའི་མཛོད་དཔེ་《གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་དཔེ་གཟུགས་ཤོག་གྲངས༤༥》ལས། སྲན་བུ་འབྲང་ང་མིང་སྲིང་གཉིས། ཞེས་བྱ་བ་ནི་སྲན་བུ་འབྲང་ང་དང་སྲན་ལྕམ་བྱུར་མ་སྲིད་དོ། །དེ་ནི་མོ་དགུའི་སྲིད་པ་ལས་སྲིད་ཚུལ་ལགས་སོ། །ཞེས་པ་འདི་གཉིས་ཚིག་གི་དག་ཆ་ཅུང་ཟད་འགྱུར་བ་ལས། ལུང་འདྲེན་རྒྱུ་འདི་རང་རེད་འདུག      རྗེ་རིན་པོ་ཆེའི་མཛོད་འགྲེལ༤༤ལས།       འགྲེལ་ལས། བསྐལ་པ་དང་པོ་དམྱལ་ཚེ་ཚད། །གཉིས་པ་བརྒྱད་ཁྲིའི་བསྐལ་པའོ། །གསུམ་པ་བདུན་སྟོང་དེ་བཞིན་ནོ། །བཞི་པ་དེ་བཞིན་སུམ་བརྒྱའོ།  །དེ་ལྟར་དེ་བཞིན་དྲུག་ཅུ་སྐོར། ཞེས་པ་མཁས་བཞིའི་མཛོད་ཅེས་པ་༨༤ལས། བསྐལ་པ་དང་པོ་དམྱལ་ཚེ་ཚད། །གཉིས་པ་བརྒྱད་ཁྲི་བསྐལ་པའོ། །གསུམ་པ་བདུན་སྟོང་དེ་བཞིན་ནོ། །བཞི་པ་དེ་བཞིན་སུམ་བརྒྱའོ། །དེ་ལྟར་དེ་བཞིན་དྲུག་ཅུ་བསྐོར་ཞེས་གསུངས།       རྗེ་ཡི་མཛོད་༤༩ལས། ལྷ་འགྲེལ་ལས། སྤྱིར་ནི་གྲངས་མེད་པ་ལ་གཉིས་ཏེ། གྲངས་ཀྱི་མཐའ་མ་གྲངས་མེད་པ་དང༌། བགྲང་བ་ལས་འདས་པ་གྲངས་མེད་པའོ། །ཞེས་པ་མཁས་བཞིའི་མཛོད་ཅེས་པ༡༠༧ལས། སྤྱིར་ནི་གྲངས་མེད་པ་ལ་གཉིས་ཏེ། གྲངས་ཀྱི་མཐའ་མ་གྲངས་མེད་པ་དང༌། བགྲང་ལས་འདས་པ་གྲངས་མེད་པ་སྟེ། །ཞེས་གསུངས། རྗེ་ཡི་མཛོད་འགྲེལ་༦༩ལས། སྒྲ་དོན་ནི། ལྷུན་པོ་ནི་རི་རྒྱལ་ལྷུན་འཐུག་ཅིང་བརྗིད་པས་ནའོ། །གཉའ་ཤིང་འཛིན་ནི་ལྷའི་བུ་མེ་ཏོག་གི་གཉའ་ཤིང་འཛིན་པ་གནས་པ་སྟེ། དེ་ལས་གསེར་གྱི་གཉའ་ཤིང་རི་འབོད་པ་བཞིན་ནོ། །གནོད་སྦྱིན་དགེ་ལ་ཐོང་གཤོལ་འཛིན་པ་གནས་པས་ཐོང་གཤོལ་འཛིན་ནོ། །ལྷའི་བུ་གསེར་མདོག་ཅན་གནས་པས་གསེར་མདོག་གོ །ལྟ་ན་སྡུག་ནི་ལྷའི་བུ་དབྱིབས་དང་ཁ་དོག་ལྟ་ན་སྡུག་པ་གནས་སོ། །རྟ་ན་《རྣ་》འཛིན་ནི་གནོད་སྦྱིན་རྟ་རྣ་འཛིན་གནས་པས་སོ། །ཀུན་འདུད་ནི་ལྷ་དང་གནོད་སྦྱིན་ཀླུ་དང་ཀུན་འདོད་དེ་གནས་པའོ། །རི་བདུན་གྱི་མུ་ཁྱུད་ཅིང་བསྐོར་ཏེ་གནས་པས་ན་མུ་ཁྱུད་འཛིན་ཞེས་པའོ། །ཞེས་ལྷ་འགྲེལ་ལས་བཤད་དོ། །ཞེས་པ་དང་སྒ་སྟོན་གྱི་མཛོད་འགྲེལ་《དེབ་གཟུགས་ཤོག་གྲངས་༡༡༦》ལས། དེ་དག་ཀྱང་ལྷ་འགྲེལ་ལས་ལྷུན་པོ་ནི་རི་རྒྱལ་བརྗིད་པས་ལྷུན་པོ། གཉའ་ཤིང་འཛིན་ལ་

(སྤྱིའི་གཟིགས་གྲངས། 203 དེ་རིང་། 2)
Pages: 1 2 3 4 5 6 7

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།