ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

མཛོད་དཔེ་ལ་དཔྱད་པའི་གཏམ།

་བཙན་བཞེར་མེ། བན་དེ་རད་ཎ་སིདྷི། བློན་པོ་ཟིང་པ་རཏྣ་བཅས་ཀྱིས་རྒྱལ་གཤེན་བར་དུ་དཀྲུག་ཤིང་བྱས་ཏེ་རྒྱལ་པོའི་བློ་ཁ་བསྒྱུར་ནས་ཆོས་དོན་གྱི་འབྲེལ་བ་བཙུགས། དུས་དེར་གཏེར་སྦེད་དགོས་བྱུང་སྟེ་གཏེར་གནས་ལྷོ་འབྲིག་མཚམས་མཐའ་དཀར་དང་དྭང་ར་ཁྱུང་རྫོང་གཉིས་ལ་སྦས་པ་ཡོངས་གྲགས་ཡིན་ལ།  ཉང་སྟོད་ཀྱི་གཙང་པོ་ནུ་མའི་བྲག་ལ། ལྡེ་གྱིམ་ཚ་རྨ་ཆུང་གིས་གཏེར་སྦས་པའི་ནང་ཕྱིས་གཉན་སྟོན་ཤེས་རབ་རྡོ་རྗེས་མེ་ཕོ་སྟག་གི་ལོ་ལ་ཤེལ་བྲག་ཀ་རུའི་གཏེར་སྒོ་ཕྱེས་ཏེ་གཏེར་དུ་དྲངས་པའི་ནང༌དུ། སྲིད་པ་མཛོད་ཀྱི་སྡེ་ལ་མཛོད་གནས་ཆེན་པོ་བཅུ་བདུན། མདོར་བསྡུས་འཇིག་རྟེན་གཏན་ཕབ། ལྷ་ཡི་སྲས་པོའི་དོན་འགྲེལ། དྲང་སྲོང་རྒྱལ་བའི་འབྲུ་འགྲེལ་བཅས་ཡོད་པར་གསལ་འདུག་པས། གཉན་སྟོན་གྱིས་གཏེར་དྲངས་པའི་མཛོད་ཕུགས་ཡོད་པར་མངོན། ད་ལྟའི་རྗེ་རིན་པོ་ཆེའི་མཛོད་འགྲེལ་གྱི་རྩ་བ་འདི་ནི་ལུང་ཟིན་གྱི་སྐྱེས་བུ་ཆེན་པོ་མཚན་བརྗོད་པར་དཀའ་བ་དམུ་རིགས་གཤེན་གྱི་གདུང་འཛིན་གཏེར་སྟོན་ཡང་དག་པ་གཤེན་ཆེན་ཀླུ་དགའ་མཆོག་གིས་གཏེར་དྲངས་པའི་སྲིད་པའི་མཛོད་ཕུགས་དེ་ཡིན། གཤེན་ཆེན་ཀླུ་དགས་བྲུ་ཆེན་ནམ་མཁའ་གཡུང་དྲུང་དང་བྲུ་ཤ་ཁྱུང་གི་རྒྱལ་མཚན་གཉིས་ལ་བརྒྱུད། དེ་ནས་གཡས་རུའི་སྟོན་པ་བཅོ་བརྒྱད། སྨན་རིའི་མཁན་རབས་རིམ་བྱོན། ད་ལྟའི་ཞྭ་དཀར་བོན་གྱི་བླ་སྲོག བསྐལ་ཁུགས་སྨག་རུམ་སེལ་བའི་ཉི་ཟླ། བོན་བསྟན་ཀ་ཆེན་འཛུགས་པའི་དཔའ་བོ།  འཛམ་གླིང་བོན་ཕྲུག་སྐྱོང་བའི་ཨ་མ། དུས་གསུམ་སངས་རྒྱས་བྱོན་ཀྱང་ཉམས་མི་ང་ཞིང༌།  ཕྱི་རོལ་དབང་ཕྱུག་དང་འཕྲད་ནའང་གྲུབ་མཐའ་མི་འཁྱོར་བ། བཀའ་ཡི་དོན་རང་སྟོབས་ཀྱིས་འགྲེལ་ནུས་པ། བཅུ་ཕྲག་རིག་པ་སྨྲ་བའི་དྲན་དབང་ཆེན་མོ་འཛམ་གླིང་མཁས་གྲུབ་བྱེ་བའི་གཙུག་གི་རལ་ཀློང་དུ་ངལ་གསོ་ཐོབ་པ། བསྟན་པ་གཅིག་ལ་སྟོན་པ་གཉིས་པ་ལྟ་བུ། ཤེས་རབ་སྨྲ་བའི་སེང་གེ་དབུ་སྐྲ་ལྕང་ལོ་གཡས་འཁྱིལ་ངེས་འབྱུང་གིས་གཏུབས་ཏེ། དྲང་སྲོང་འདུལ་བ་འཛིན་པའི་ཆ་བྱད་དུ་བྱོན་པ། དོན་གྱི་མཚན་དུ་སྨོས་ན་རྣམ་འདྲེན་རྒྱལ་བ་གཉིས་པའི་གདུང་སོབ་ཡོངས་འཛིན་སྨྲ་བའི་སེང་གེ་སློབ་དཔོན་བསྟན་འཛིན་འཆི་མེད་གཡུང་དྲུང༌། ཀུན་འགྲུབ་རྒྱལ་བའི་སྲས་པོ་ཞེས་ཕྱི་ནང་གསང་གསུམ་གྱི་མཚན་མཆོག་ཅོད་པན་དཀར་པོ་སྲིད་གསུམ་ཆེ་དགུའི་གཙུག་ཏུ་མངོན་པར་མཛེས་པ་དེ་ཉིད་ཀྱི་བར་དུ། རྒྱུད་རིམ་གྱི་ཉག་ཐག་མ་ཆད། བྱིན་རླབས་ཀྱི་ན་བུན་མ་ཡལ། བཤད་རྒྱུན་གྱི་ཆེ་སྲོལ་མ་ཉམས་པར་གནས་པ་ཞིག་ཡིན་ནོ། །

ཐོད་དཀར་སྲས་པོའི་ཞལ་གྱི་ཆུ་གཏེར་ལས། །ཉེ་བར་འཁྲུངས་པའི་མཛོད་གཞུང་ཟླ་བའི་གཟུགས། །
ལན་གཅིག་ནུབ་རིའི་ཕག་ཏུ་གཟིམས་ན་ཡང་། །སླར་ཡང་འབྲིག་མཚམས་བྲག་རིའི་རྩེ་ནས་འཛུམ། །

(སྤྱིའི་གཟིགས་གྲངས། 203 དེ་རིང་། 2)
Pages: 1 2 3 4 5 6 7

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།