ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྒྲ་རྒྱན་ལས་འཕྲོས་པའི་དཔྱད་གླེང་། ༼སྨད་ཆ།༽

<མེ་ལུགས་ཀྱི་སྒྲ་རྒྱན་དང་བོད་ཀྱི་སྲོལ་རྒྱུན་གྱི་སྒྲ་རྒྱན་གཉིས་བར་བསམ་གཞིག་ཕྲན་བུ་བྱས་པ།>

ཚུལ་ཁྲིམས་དྲི་མེད།

༣བོད་ཀྱི་སྲོལ་རྒྱུན་གྱི་སྒྲ་རྒྱན་སྐོར་གླེང་བ།

          རྒྱ་གར་གྱི་སྙན་ངག་མེ་ལོང་མ་དེ་ཉིད་བོད་དུ་དར་བ་ནས་བཟུང་བོད་ཀྱི་སྙན་ངག་གི་རྣམ་པ་དེ་ཉིད་གཞན་ཞིག་ཏུ་གྱུར་ཞིང་།  དུས་དེ་ནས་བཟུང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྙན་ངག་གི་ཆུ་རྒྱུན་དེ་ཇེ་དལ་དུ་སོང་བ་དང་མངོན་པ་མེད་པར་ཆེས་གབ་སྦས་ཀྱི་ཚུལ་དུ་ལུས་ཡོད། དེ་ལྟར་ལོ་ངོ་བརྒྱ་ཕྲག་དུ་མ་འདས་པའི་རྗེས་སུ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྙན་ངག་གི་ངོ་གདོང་དེ་ཉིད་མེ་ལོང་མས་བསྒྲིབས་ཡོད་པ་རྟོགས་རྗེས། གཞི་ནས་ཕྱི་བལྟས་ཤིག་བྱས་ཚེ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྙན་ངག་གི་དབྱངས་འགྲོས་འཚོལ་ས་ནི་གནའ་བོའི་གཏོ་དང་མདོས། དེ་བཞིན་ཉམས་མགུར་དང་དམངས་ཁྲོད་ཀྱི་སྒྲུང་གླུ་དེ་རྣམས་ཁོ་ནར་གྱུར་ཞིང་། དེ་དག་ནང་གི་ཚིག་སྦྱོར་སྤེལ་སྟངས་དང་དཔེ་འགོད་སྟངས་སོགས་སྙན་ངག་མེ་ལོང་མ་དང་མི་འདྲ་

བ་ཞིག་ཡོད་པ་ནི། བོད་ཀྱི་ཐུན་མོང་མ་ཡིན་པའི་སྙན་ངག་གི་དབྱངས་འགྲོས་ཤིག་ཡིན་པ་གཞི་ནས་ར་འཕྲོད་འབྱུང་གིན་ཡོད། ཁྱད་པར་དུ་སྒྲ་རྒྱན་ལ་ཡང་དེ་ལྟ་བུའི་གོད་ཆག་དེ་བྱུང་ཡོད་པ་ལྟ་ཅི་སྨོས། ཡིན་ན་ཡང་དེང་གི་ཆར་མེ་ལོང་མའི་འགྲོས་དང་མི་མཚུངས་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྲ་རྒྱན་གྱི་མཚན་གཞི་ཞིག་ངོས་འཛིན་རྒྱུ་མེད་པ་མ་ཡིན་ཏེ། བོན་གཞུང་གཏོ་དང་། མདོས། གསོལ་ཁ། གསང་སྔགས་ཀྱི་སྒྲུབ་གཞུང་རྣམས་དང་དམངས་ཁྲོད་ཀྱི་གླུ་དང་སྒྲུང་ལ་སོགས་ཀྱི་ནང་དུ་སྒྲ་རྒྱན་གྱི་འགྲོས་རྨད་དུ་བྱུང་ལ་ཕུན་སུམ་ཚོགས་པའི་སྙན་ངག་ཧ་ཅང་མང་པོ་མཐོང་རྒྱུ་ཡོད་འདུག་པ་འདི་དག་ནི། སྙན་ངག་མེ་ལོང་མའི་སྒྲ་རྒྱན་གྱིས་ཤན་མ་ཞུགས་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་སྙན་ངག་འབའ་ཞིག་ཡིན།

      དེ་ཡང་འདིར་དཔེར་མཚོན་ཙམ་དུ་རེ་འགའ་བཀོད་ན། <<མཁའ་ཀློང་གསང་བའི་མདོས་ཆེན་ལས>> སྒྲུབ་གཤེན་སྔགས་འཆང་རྒྱལ་པོ་ངས། །ཡ་མཚན་ཅན་གྱི་ཤིང་དག་ལ། །རིས་སུ་བྲིས་པའི་ཕོ་ཐང་འདི། །སྟག་གི་རི་མོ་ཁྱུགས་སེ་ཁྱུག །ངར་གྱི་ལྗང་ལོ་ཐེབས་སེ་ཐེབ། །གཞའ་ཚོན་ན་བཟའ་ལྷུབས་སེ་ལྷུབ། །རུས་པའི་རྒྱན་དྲུག་ཁྲ་ལ་ལ། །ཕོ་ཐང་གར་བྱེད་ལོག་གེ་ལོག །ལྟ་བའི་སྤྱན་མིག་ཧྲིགས་སེ་ཧྲིག །ཉན་པའི་རྣ་བ་ཀྲོགས་སེ་ཀྲོག  །སྨྲ་བའི་ངག་སྙན་ལྷངས་སེ་ལྷང་། །རིན་ཆེན་སྣ་ལྔའི་ཚོན་གྱིས་བརྒྱན། །གཞའ་ཚོན་བས་ཀྱང་བཀྲག་རེ་གསལ། །བཞིན་བཟང་ལྟ་སྡུག་ཨེ་རེ་མཛེས། །ཞེས་དང་། ཀྱེ་མཛེས་ལྡན་མོ་ཐང་ཡོན་ཏན་ནི། །མོ་ཤིང་གཉན་དང་ལྡན་པ་ལ། །འཛུམ་བག་ལྡན་པའི་མོ་ཐང་འདི། །མཚལ་དང་སྣག་ཚས་རིས་སུ་བྲིས།། སྣ་ཚོགས་ཚོན་གྱིས་ཁ་དོག་བསྒྱུར། །བཞིན་བཟང་མཛེས་སྡུག་ཨེ་རེ་ལེགས། །སྨྲ་བའི་གླུ་ལེན་ཀྱུ་རུ་རུ། །ལྟ་བའི་སྤྱན་མིག་ཤིགས་སེ་ཤིག །བཞད་པའི་མདང་གསལ་ཡ་ལ་ལ། །འཛུམ་པའི་ཞལ་མདང་མུ་ལུ་ལུ། །ལག་པའི་གར་སྟབས་ལོག་གེ་ལོག །འགྲོ་བའི་གར་བྱེད་ལྡེམས་སེ་ལྡེམ། །དར་ཟབ་ན་བཟའ་ལྷུབས་སེ་ལྷུབ། །གཞའ་ཚོན་ན་བཟའ་སྤུར་མ་སྤུར། །མུ་ཏིག་ཆར་པ་སི་ལི་ལི། །གཟིག་གི་ཐིག་ལེ་ཀྱི་ལི་ལི། །རིན་ཆེན་རྒྱན་ཆ་ལམས་སེ་ལམ། །མོ་ཏང་གཟིག་ཆས་ཡིད་འོང་འདི། །ཟ་མ་མོ་ཡི་གླུད་དུ་བཟང་། །ཞེས་པ་ལྟ་བུ་རྐང་པའི་མཐའ་ལ་ཡོད་པའི་ཟུང་ལྡན་གྱི་རྒྱན་དང་། ཡང་གཞུང་དེ་ཡི་<<གླུད་ཀྱི་མདེལ་ཁ་>>ཞེས་པའི་ལེའུ་ལས། སྲིད་པའི་གཤེན་གསུམ་གདན་དྲངས་ནས། །གླུད་མདོས་མཁའ་ཀློང་གསང་བ་བཅས། །ཕོ་གླུད་མོ་གླུད་གསང་ཆུང་གླུད། །ཁ་མིག་རམ་དང་མཚལ་གྱིས་བྱས། །ཁང་བཅུད་གསེར་དང་གཡུ་ཡིས་བྱས། །ན་བཟའ་དར་དང་ཟབ་ཀྱིས་བྱས། །བཅའ་བཅའ་དེ་ནི་བདར་བདར་ནས། །སྐྱེས་བུ་དམག་ལ་ཆས་པ་འདྲ། །བརྫང་བརྫང་དེ་ནི་བཀླུབ་བཀླུབ་ནས། །མོ་བཙུན་བག་མར་ཆས་པ་འདྲ། །བྲིད་བྲིད་དེ་ནི་བཀོལ་བཀོལ་ནས། །རྒྱལ་སྲས་རྩེ་རུ་ཆས་པ་འདྲ། །ཞེས་པ་ལྟ་བུ་ནི་རྐང་པའི་ཐོག་དང་བར་ལ་ཡོད་པའི་ཟུང་ལྡན་གྱི་རྒྱན་དང་། <<གནམ་ས་གཉིས་ཀྱི་འཆིང་གཏོ་>>ཞེས་པ་ལས། གཟའ་ཆེན་སྤེན་པ་ཕོ་ཉར་འགྱེད། །གནམ་སྒོ་སྲུང་བའི་ས་བདག་སྟེ། །ཁྱོད་ལ་འདོད་པའི་ཡས་སུ་འབུལ། །དུང་གི་གཡུག་ཐོད་དཀར་པོ་ལ། །འགྲམ་པ་གཡས་ཀྱི་རུས་པ་ལ། །གསེར་གྱི་ཉི་མ་ཀྱི་ལི་ལི། །འགྲམ་པ་གཡོན་གྱི་རུས་པ་ལ། །དུང་གི་ཟླ་བ་སྒ་ར་ར། །ལྟ་བུ་རྐང་པ་མཐའ་མར་ཡོད་པའི་བར་མ་ཆོད་པ་དང་། <<དབལ་ཆེན་རྟོག་འཇོམ་ཁྲོ་བོའི་དུག་ཆུ་བསྐོལ་ཐབས>>ལས། བདག་དང་རྒྱུ་སྦྱོར་ཡོན་བདག་གི །མ་རིག་དུག་གསུམ་དུག་ལྔའི་གྲིབ་རྟོག་རྣམས། །ཁྱེད་ཀྱིས་མི་འདུལ་མི་ཐུལ་གང་ཡང་མེད། །རྟོག་འཇོམ་ཁྲོ་བོ་དུས་ལ་བབ། །བསྐུལ་ལོ་བསྐུལ་ལོ་ཐུགས་དམ་བསྐུལ། །བཅོལ་ལོ་བཅོལ་ལོ་འཕྲིན་ལས་བཅོལ། །ཞེས་པ་ལྟ་བུའི་རྐང་པ་གསུམ་པ་དང་བཞི་པ་གཉིས་ནི་དབུས་ཀྱི་ཟུང་ལྡན་བར་ཆོད་པ་དང་། རྐང་པ་ཕྱི་མ་གཉིས་ནི་ཐོག་མཐའི་ཟུང་ལྡན་བར་ཆོད་པ་དང་། <<བྱེའུ་ཆུང་འཕུར་མདོས>>ཅེས་པ་ལས། མགོ་བོ་དེ་ནི་དུང་དུ་བྱས། །དུང་མགོ་དེ་ནི་ལྷབས་སེ་ལྷབ། །སྤུ་མདོག་དེ་ནི་ལམས་སེ་ལམ། །ཞེས་དང་། །སྐེད་པ་དེ་ནི་ལྕགས་སུ་བྱས། །ལྕགས་སྡེར་དེ་ནི་ཁྲབས་སེ་ཁྲབ། །གཤོག་པ་དེ་ནི་ཟངས་སུ་བྱས། །ཟངས་གཤོག་དེ་ནི་ལྷབས་སེ་ལྷབ། །ཅེས་དང་། ཀྱེ་བྱེའུ་ཆུང་དེ་ནི་འཕུར་ལ་མཁས། །གཤོག་སྒྲ་དེ་ནི་འུ་རུ་རུ། །ཞེས་པ་ལྟ་བུ་དང་། གཞན་ཡང་དམངས་ཁྲོད་ཀྱི་གླུ་གཞས་དང་གཏམ་དཔེ་སྒྲུང་སོགས་སུ་འདི་དང་འདི་ལྟ་བུའི་སྒྲ་རྒྱན་མང་དུ་འདུག་རུང་སྐབས་འདིར་དེ་ཙམ་གྱིས་འཐུས་པར་བྱས་་་་སོ།།

(སྤྱིའི་གཟིགས་གྲངས། 238 དེ་རིང་། 1)
Pages: 1 2 3 4 5 6

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
<མེ་ལུག…
error: རྩོམ་འདི་བདག་དབང་ཅན་ཡིན།