ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

འགྲོ་མགོན་བློ་གྲོས་ཀྱི་ས་ལམ་ལས་གསལ་བའི་མཁས་པ་མི་འདྲ་བ་དག་གི་སྐོར་གླེང་བ།།

དང་པོ། བདག་ཉིད་ཆེན་པོ་དང་བློ་གྲོས་ཀྱི་བདག་ཉིད་ཆེན་པོ་གཉིས་ཀྱི་སྐོར།

   ནམ་རྒྱུན་རྟོག་གེ་བའི་འཆད་རའི་གསེང་དུ་བདག་ཉིད་ཆེན་པོ་དང་བློ་གྲོས་ཀྱི་བདག་ཉིད་ཆེན་པོ་ཅེས་པའི་མཁས་པ་མི་འདྲ་བ་གཉིས་ཡོད་མེད་དྭོགས་གནས་མེད་ཁར། བདག་ཉིད་ཆེན་པོ་ནི་འགྲོ་མགོན་བློ་གྲོས་ཡིན་པར་རྨོངས་མཁན་མང་དུ་སྣང་། ཕྲན་རང་ཉིད་གནད་དོན་དེའི་ཐད་ལ་དེ་སྔོན་ཡིད་ཚིམ་པ་ཞིག་མ་བྱུང་བས། འགྲོ་མགོན་བློ་གྲོས་ཀྱི་ས་ལམ་ལ་ཅུང་ཟད་ཀྱང་ལྟ་ཁུལ་བྱས་པས་བདག་ཉིད་ཆེན་པོ་ནི་འགྲོ་མགོན་བློ་གྲོས་མ་ཡིན་པ་མ་ཟད། བདག་ཉིད་ཆེན་པོི་དང་བློ་གྲོས་ཀྱི་བདག་ཉིད་ཆེན་པོ་ཞེས་པའི་མཁས་པ་མི་འདྲ་བ་གཉིས་ཡོད་པར་མཐོང་། <ས་ལམ་འཕྲུལ་གྱི་ལྡེ་མིག>རྒྱ་གར་སྨན་དགོན་པར་མ་ཤོག་ངོས་༥༦ལས་ལམ་གྱི་མཚན་ཉིད་བསྟན་སྐབས། “གཞན་ལུགས་དགག་པ་དང་། རང་ལུགས་གཞག་པ། རྩོད་པ་སྤོང་བ”གསུམ་བསྟན་ཡོད། གཞན་ལུགས་དགག་པ་ལ། “ལམ་སྤྱི་ཡི་མཚན་ཉིད་མི་འདོད་པའི་ལུགས་དགག་པ་དང་། འདོད་ཀྱང་འཁྲུལ་པའི་ལུགས་དགག་པ། ཕྱོགས་ཙམ་དོན་ལྡོག་ཡིན་ཡང་དགག་པ”དང་གསུམ་བསྟན་ཡོད། དང་པོ་ནི་མཁས་པ་དཔལ་ཆེན་བཞག་པ་དང་། གཉིས་པ་སྤ་སྟོན། གསུམ་པ་བདག་ཉིད་ཆེན་པོ་བཅས་ཁ་ཅིག་གྲས་སུ་བཞག་ཡོད། རང་ལུགས་ལ་བློ་གྲོས་ཀྱི་བདག་ཉིད་ཀྱིས་ཕྱིན་པར་བྱེད་པ་ཞེས་གསུངས་པ་དེ་ཡིན་ཞེས་གསལ་ཡོད། མ་ཟད་བདག་ཉིད་ཆེན་པོས་ལམ་གྱི་མཚན་ཉིད་བགྲོད་པར་བྱེད་པ་ལ་བཞེད་པ་མ་ཡིན་ཏེ་མ་བགྲོད་པའི་གནས་སུ་ཕྱིན་པར་བྱེད་པ་ལ་མ་ཁྱབ་པ་དང་ཞེས་གསུངས་ནས་དགག་པ་གནང་ཡོད་པས། སྐབས་དེ་ཤད་བློ་གྲོས་ཀྱི་བདག་ཉིད་ཆེན་པོ་དང་བདག་ཉིད་ཆེན་པོ་ཞེས་པའི་མཁས་པ་མི་འདྲ་བ་གཉིས་ཡོད་པ་གསལ་པོར་བསྟན་ཡོད། འོ་ན་དེ་གཉིས་ཀྱི་ཁྱད་པར་གང་གིས་འབྱེད་ཅེ་ན་རྗེ་རིན་པོ་ཆེ(༡༣༥༦་༡༤༠༥)དང་འ་ཞ་གཉིས་ཀྱི་ས་ལམ་གོ་བསྡུར་ན་གོ་བ་ཞིག་སྟེར་བ་འདི་ལྟར། རྗེ་ཡི་ས་ལམ་ལེའུ་དྲུག་པར་ཐར་པའི་ལམ་བརྒྱད་བསྟན་སྐབས་དེ་ཡི་རྩ་ཚིག། སློབ་དཔོན་ཉི་རྒྱལ་གྱིས་ཚིགས་སུ་བཅད་པ་ཞེས་གསལ། འ་ཞའི་ས་ལམ་ལས་གོང་གི་རྩ་ཚིག་དེ་བློ་གྲོས་ཆེན་པོས་གསུངས་སོ་ཞེས་གསལ་བས་བྲུ་སྟོན་ཉི་རྒྱལ་ལ་བློ་གྲོས་ཀྱི་བདག་ཉིད་ཆེན་པོ་ཞུ་བ་གསལ་པོར་རྟོགས་ནུས་ལ། ད་དུང་རྗེ་ཡི་གབ་འགྲེལ་སྨན་དགོན་པར་མ་ཤོག་ངོས་༢ལས། བློ་གྲོས་གཏེར་ཆེན་ཉི་རྒྱལ་དང་ཞེས་གསལ་བས་སོ། །གཞན་ཡང་བྲུ་རྗེ་གཡུང་དྲུང་བླ་མ(1040)འཁྲུངས་ལ་བདག་ཉིད་ཆེན་པོ་ཟེར་ཏེ། སྙན་ངག་རིན་ཆེན་ལྡེ་མིག་འགྲེལ་བོད་ལྗོངས་མི་མང་དཔེ་སྐྲུན་ཁོང་ཤོག་ངོས༤༥༡སྒྲ་རྒྱན་དབུས་ཟུང་ལྡན་སྐབས། བྲུ་ཞུ་སྤ་རྨེའིུ་བླ་མ་དག་ལ་བསྟོད་ཚིག་འབུལ་སྐབས་འདི་ལྟར་གསལ། བྲུ་རྗེ་གཡུང་དྲུང་བླ་མ་ཡིས།།དགེ་ལེགས་་མཛད་བཟང་རླབས་ཆེ་བས།།མདོ་སྔགས་གཡུང་དྲུང་བོན་བསྟན་གྱི།།བདག་ཉིད་ཆེན་པོ་ཞེས་སུ་གྲགས།།”ཞེས་གསལ་བས་བྲུ་རྗེ་ལ་བདག་ཉིད་ཆེན་པོ་ཞུ་བ་གསལ་པོར་བསྟན་ཡོད། དེར་བརྟེན་གོང་གི་ལམ་གྱི་མཚན་ཉིད་སྐབས་བདག་ཉིད་ཆེན་པོ་དང་བློ་གྲོས་ཀྱི་བདག་ཉིད་ཆེན་པོ་ཞུ་བའི་མཁས་མི་འདྲ་བ་གཉིས་བྱུང་བ་དེ་ནི་བྲུ་རྗེ་དང་བྲུ་སྟོན་ཉི་རྒྱལ་གཉིས་ལ་གོ་དགོས་པར་སེམས། བོད་ཀྱི་བླ་མ་དག་ལ་མཚན་འདི་ནི་དུས་རབས་བཅུ་གཅིག་དང་བཅུ་གཉིས་བཅུ་གསུམ་པའི་གཡས་གཡོན་ཙམ་ནས་འདོགས་སྲོལ་ཡོད་པར་སྣང་། དཔེར་ན་ས་སྐྱ་པཎ་ཏྲི་ཏ(༡༡༨༢་༡༢༥༡)སོགས་ས་སྐྱའི་བླ་མ་མང་པོར་བདག་ཉིད་ཆེན་པོ་ཟེར་བཞིན་ཡོད་པས་ཐ་སྙད་དེ་ནི་དེང་སང་བླ་ཆེན་ཁ་ཤས་ལ་སྐྱབས་མགོན་ལབ་པ་ལྟར་གལ་ཆེའི་ཆེ་མིང་ཞིག་ལ་རྩི་བཞིན་ཡོད་འདུག། དེ་བརྟེན་གོང་གི་མཁས་གྲུབ་གཉིས་པོ་ནི་དབེན་ས་ཁའི་གྲགས་ཅན་ཁྲི་འཛིན་གཉིས་ཡིན་པས་མཚན་དེ་ལྟར་བཏགས་པར་སྣང་། ནང་གསེས་བདག་ཉིད་ཆེན་པོ་དང་བློ་གྲོས་ཀྱི་བདག་ཉིད་ཆེན་པོ་གཉིས་ཁྱད་པར་གང་གིས་འབྱེད་ཅེ་ན་སྤྱིར་འ་ཞའི་ས་ལམ་ནང་དུ་གསལ་བའི་བཤད་མ་ཐག་པའི་བླ་མ་གཉིས་ནི་དབེན་ས་ཁའི་བླ་མ་ཡིན་པར་འགྲོ་མགོན་ཁོང་གི་ས་ལམ་ནང་ནས་རྟོགས་ནུས་པ་མ་ཟད། འགྲོ་མགོན་གྱི་གོང་གི་གཡས་རུའི་སྟོན་པ་བདུན་པོ་དག་གི་ནང་ནས་བདག་ཉིད་ཆེན་པོ་དང་བློ་གྲོས་ཀྱི་བདག་ཉིད་ཆེན་པོ་ཞུ་བའི་མཁས་པ་མི་འདྲ་བ་གཉིས་ལས་མེད་པར་སྙམ། དེ་ནི་སྒྲ་བཤད་འཇུག་གི་ཁྱད་པར་ཡོད་པར་སེམས། དཔེར་ན་འགྲོ་བའི་མགོན་པོ་ཟེར་བའི་ཐ་སྙད་དེ་བཤད་པའི་དབང་དུ་བྱས་ན། གཡས་རུའི་སྟོན་པ་བཅོ་བརྒྱད་པོ་ཐམས་ཅད་བཤད་རྒྱུ་ཡོད་ཀྱང་། ཡིན་ན་འགྲོ་མགོན་ཞུ་བའི་མཁས་པ་གསུམ་ལས་མེད། བདག་ཉིད་ཆེན་པོ་ཡང་དེ་ལ་རིག་འདྲེའི་ཚུལ་དུ་འགྲོ་དགོས། དེ་ཕྱིར་གླེང་མ་ཐག་པའི་བློ་གྲོས་ཀྱི་བདག་ཉིད་ཆེན་པོ་ནི་བྲུ་སྟོན་ཉི་རྒྱལ་ལ་གོ་བ། གོང་དུ་བཤད་ཟིན་པས་བདག་ཉིད་ཆེན་པོ་ནི་བྲུ་རྗེ་ལ་གོ་བ་རང་བཞིན་གྱིས་རྟོགས་ནུས་པ་ཡིན།

གཉིས་པ། རྨེའུ་དཔལ་གྱི་སྐོར།

   རྨེའུ་དཔལ་ནི་ཕྱི་ལོ་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་དུ་སྐུ་འཁྲུངས(༡༠༥༢ ༡༡༠༦༠)པའི་གདན་ས་རྨེའུ་ཚང་གི་མཁས་མཆོག་ཚུལ་ཁྲིམས་དཔལ་ཆེན་ཡིན་པ་རྩོད་བྲལ་ཡིན། ཁོང་ནི་ཡབ་རྨེའུ་ལྷ་རི་གཉེན་པོ་དང་ཡུམ་འབྲམ་ཟ་བསོད་མཚོ་གཉིས་ཀྱི་སྲས་སུ་འཁུངས། སྐུ་ན་ཆུང་སྐབས་ཡབ་ཀྱི་མདུན་ནས་ཐོས་བསམ་ལེགས་པོར་མཛད་དེ་མཁས་པའི་རྩེར་སོང་། མདོ་སྔགས་གཉིས་ཀྱི་རྒྱུད་སྡེ་དུ་མར་འགྲེལ་དང་ཏི་ཀ་བཏབ་པས་སྙན་པའི་གྲགས་པ་ཀུན་ཏུ་ཁྱབ། གདན་ས་རྨེའུ་ཚང་གི་སློབ་དཔོན་མཛད་ནས་སྙེ་མོ་བཟང་པོའི་རི་ལ་འདུས་སྡེ་སུམ་བརྒྱ་ལྷག་འཕེལ་ཏེ་བོན་བསྟན་ཕྱི་དར་གྱི་ཁྲོད་ནས་བསྟན་པའི་མེ་རོ་སློང་བའི་མཁས་གྲུབ་ཞིག་ཡིན།

(སྤྱིའི་གཟིགས་གྲངས། 211 དེ་རིང་། 1)
Pages: 1 2 3 4 5

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།