ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

འགྲོ་མགོན་བློ་གྲོས་ཀྱི་ས་ལམ་ལས་གསལ་བའི་མཁས་པ་མི་འདྲ་བ་དག་གི་སྐོར་གླེང་བ།།

དྲུག་པ། ཞུ་སྟོན་དང་ཞུ་བཙུན་ཞུ་ཆེན་པོ་གསུམ་གྱི་སྐོར།

མཁས་པ་དེ་གསུམ་ནི་གདན་ས་ཞུ་ཚང་གི་བླ་མ་ཡིན་པ་རྟོགས་སླ་ན་ཡང་ནང་གསེས་ཞུ་ཚང་གི་མཁས་གྲུབ་གང་དག་ལ་ངོས་འཛིན་ཧ་ཅང་བྱེད་ཁག་པོ་འདུག། ཞུ་ཚང་བླ་རབས་རིམ་བྱོན་གྱི་འཁྲུངས་འདས་ལོ་ཚིགས་བསྟན་རྩིས་དང་བསྟན་འབྱུང་ཁག་ལ་གསལ་པོ་མེད་པ་མ་ཟད། ཁོང་རྣམས་པས་བརྩམས་པའི་ཡིག་ཆ་ཞིག་ཀྱང་ད་ལན་འདི་རུ་གོ་བསྡུར་བྱེད་ས་མ་རྙེད་པས་བྱ་ཐབས་བྲལ། ཞུ་སྒོམ་འཁྲུལ་ཞིག་གི་རྣམ་ཐར་ནང་དུ་ཡང་ཞུ་ཚང་གི་བླ་མ་དག་གི་ལོ་རྒྱུས་ཆེར་མི་གསལ། ཞུ་ཚང་གི་ལོ་རྒྱུས་རྒྱས་ཤོས་དཔོན་སློབ་ཀུན་བཟང་བློ་གྲོས(༡༩༢༨)འཁྲུངས་ཀྱིས་མཛད་པའི་དབང་ལྡན་ཞུ་ཡི་གདུང་རབས་བྱོན་རིམ་ཞེས་པ་དེ་ཡིན་ཤས་ཆེ་ཡང་དེ་རུ་སྲས་སྐྱིད་པོས་གབ་པར་ཏི་ཀ་བཏབ་ཅེས་གསལ་བ་ལས་མཁས་པ་གཞན་གྱིས་མཛད་པའི་དཔེ་ཆའི་སྐོར་མི་གསལ། སྒ་སྟོན་གཞི་ལམ་རྣམ་འབྱེད་ལས་ཞུ་སྒྲོ་བ་གཤེན་རྒྱལ་གྱི་སྲས་ཞུ་སྟོན་རིན་ཆེན་ལ་དགག་པ་གནང་ཡོད་པས་ཁོང་གིས་མཛད་པའི་དཔེ་ཆའི་སྐོར་རྗེས་མར་མཇལ་ན་འ་ཞའི་ས་ལམ་དང་གོ་བསྡུར་བྱེད་དགོས། གལ་སྲིད་དེ་གསུམ་མཁས་པ་གཅིག་ཡིན་པའི་དབང་དུ་བཏང་ན་ཞུ་ཡས་ལེགས་པོ་དང་། ཞུ་སྐྱིད་པོ་ཇོ་ཐོག། ཞུ་སྒྲོ་བ་གཤེན་རྒྱལ། ཞུ་སྐྱེ་སེ་ཆེན་པོ་བཅས་ནི་མ་ཡིན་དགོས་ཏེ་ཁོང་རྣམས་སྔགས་འཆང་ཤ་སྟག་ཡིན་པས་སོ། །མཇུག་མར་ཞུ་ཚང་གིས་མཁས་པས་བརྩམས་པའི་མངོན་རྟོགས་ལམ་རིམ་དང་ས་ལམ་གྱི་གཞུང་འདྲ་རག་ན་འགྲོ་མགོན་ས་ལམ་དང་གོ་བསྡུར་ནས་བསྐྱར་དུ་དབྱེ་ཞིབ་བྱེད་འདོད།

བདུན་པ། སྤ་སྟོན་དང་ཡང་འབྲེ་རོང་སྟོན་གསུམ་གྱི་སྐོར།

དང་པོ་སྤ་སྟོན་ཟེར་བའི་མཁས་པ་དེ་ནི་སྤ་ལ་བཟང་པོ་བཅུ་གསུམ་གྱི་ནང་ཚན་མཁས་པ་ཞིག་ཡིན་ནམ་འོ་ན་མཁས་པ་དཔལ་ཆེན་གྱི་དངོས་སློབ་སྤ་སྟོན་འོད་གསལ་རྒྱལ་མཚན་ཡིན་ཐག་གཅོད་བྱེད་དཀའ། སྤ་ཚང་གི་ལོ་རྒྱུས་གསལ་ཤོས་དཔོན་སློབ་ཀུན་བཟང་བློ་གྲོས་ཀྱིས་མཛད་པའི་གྲུབ་ཐོབ་སྤ་ཡི་གདུང་རབས་བྱོན་རིམ་ཞེས་པ་དེ་ཡིན་ཡང་དེ་རུ་སྤ་སྟོན་དཔལ་མཆོག་གིས”ཐིག་ལེ་དབྱིངས་འཆད་ཏི་ཀ་བཏབ”་ཅེས་གསལ་བ་ཙམ་ལས་འ་ཞའི་གོང་གི་སྤ་ཡིས་མཁས་པ་དག་གིས་བརྩམ་པའི་དཔེ་ཆའི་སྐོར་མི་གསལ། གཉིས་པ་ཡང་འབྲེ་ཞེས་པའི་མཁས་པའི་མིང་དེ་ཐེངས་གཅིག་རང་ལས་ཐོན་མེད། དེ་ནི་སྒྲ་ཟུར་ཉམས་པ་ལྟ་ནས་ཡ་འབྲོག་པ་མེ་སྟོན་ཤེས་རབ་འོད་ཟེར(༡༠༥༨་༡༡༣༢)ལ་གོ་བ་ལེན་སྲིད་ཀྱང་། དོགས་མི་དགོས་ཏེ་ལམ་གྱི་མཚན་ཉིད་སྐབས་དགག་ཡོད་པས་ཁོང་གིས་མཛད་པའི་བཀའ་རྟེན་སྡེ་ལྔ་སོགས་ལས་ལམ་གྱི་མཚན་ཉིད་ཞིག་བཞག་ཡོད་ཚོད་མི་འདུག། གསུམ་པ་རོང་སྟོན་ཟེར་བའི་མཁས་པ་དེ་ཐེངས་གཉིས་གསུམ་ཞིག་མཐོང་རྒྱུ་འདུག་དེ་ནི་མཁས་པ་གང་ཞིག་ལ་ངོས་འཛིན་དགོས་མིན་དཔང་རྟགས་གསལ་པོ་ཞིག་མ་རྙེད་ན་ཡང་། འགྲོ་མགོན་ཁོང་ལ་ཚད་མ་ཀུན་བཏུས་བརྩམ་པའི་རེ་སྐུལ་ཞུ་མཁན་རོང་སྟོན་ཚུལ་སེང་ཞེས་པའི་བླ་མ་ཞིག་ཡོད་པས་དེ་ཨེ་ཡིན་དཔྱད་པ་བྱེད་དགོས།

བརྒྱད་པ། ཞང་ཟེར་བའི་མཁས་པའི་སྐོར།

   དུས་རབས་བཅུ་གཅིག་དང་བཅུ་པའི་གཡས་ཡོན་དུ་ཞང་ཟེར་བའི་མཁས་པ་ནི་མང་པོ་ཕེབས་མྱོང་འདུག། ཞུ་ཡས་ལེགས་པོ༡༠༠༢འཁྲུངས་ལས་ཅུང་ཟད་སྔ་བའི་ཞང་སྟོན་ཉི་མ་བཟང་པོ་དང་། དུས་རབས་བཅུ་གཅིག་པའི་དཀྱིལ་སྨད་དུ་སྐུ་འཁྲུངས་པའི་ གདན་ས་རྨེའུ་ཚང་གི་སྨྲ་སེང་བླ་རབས་བདུན་པ་ཞང་སྟོན་ཚུལ་ཁྲིམས་བློ་ལྡན་(1075)འཁྲུངས་དུས་ཚོད་དེ་ཙམ་དུ་སྐུ་འཁྲུངས་པའི་བླ་མ་ཇོ་ཡུང་གི་དངོས་སློབ་ཞང་དམ་པ་ཚུལ་ཤེས་འདི་ལ་ཞང་འབྲི་ལུང་པ་ཆེན་པོ་ཡང་ཟེར། སྒ་སྟོན་གྱི་སློབ་དཔོན་ཞང་ཞུང་བསོད་ནམས་རིན་ཆེན་བཅས་ཞང་གི་བླ་མ་ནི་མང་པོ་ཡོད། ཁོང་རྣམས་པར་ཞང་ཞེས་འབོད་དོན་གདུང་རུས་ཞང་ཡིན་པར་བཤད། འ་ཞའི་ས་ལམ་ནང་དུ་ཞང་ཟེར་བའི་མཁས་པ་ནི་གཅིག་རང་ལས་ཐོན་མེད་པ་དེ་ནི་ཧ་ལམ་ཞང་ཚུལ་ཁྲིམས་བློ་ལྡན་ཨེ་ཡིན་ན་སྙམ་ཁོང་གིས་བརྩམས་པའི<<མདོ་ལེའུ་བཅོ་བརྒྱད་པའི་བཀའ་འགྲེལ>>ཞེས་པ་ཞིག་ཡོད་པ་ཀུམ་མཁྱེན་གྱི<<ཤེར་ཕྱིན་སྐབས་དང་པོར>>བཤད་འདུག་པས་ལམ་རིམ་གྱི་སྐོར་ཡོད་ངེས་ཡིན། གཞན་ཞང་སྟོན་ཚུལ་ཁྲིམས་འབྱུང་གནས་ཀྱིས་བརྩམས་པའི<<བླ་མ་གྲུབ་ཐོབ་ཀྱི་ཞལ་གདམ>>དང་། <<གག་སེལ་གཞུང་བཞི་བསྒྲིགས་ཅན>>བཅས་དཔེ་འགའ་ཡོད་པ་བཤད་ཀྱང་ལམ་རིམ་གྱི་སྐོར་ཡོད་པ་མི་གསལ། ཞང་ཞུང་བསོད་ནམས་རིན་ཆེན་གྱིས་མཛད་པའི<<རྫོགས་ཆེན་ཡོངས་རྩེའི་ཀློང་ཆེན་དྲངས་དོན>>ཞེས་པའི་དཔེ་ཆ་ཞིག་ཞིབ་འཇུག་པ་ཏུའུ་ཆིས་ནས་རྙེད་པའི་བོན་གྱི་དཔེ་ཆའི་གྲས་ལ་འདུག་པ་ཉེ་ཆར་གུས་པས་འཕྲིན་ཕྲན་གསེང་ནས་མཐོང་ཡང་དེ་རུ་ལམ་རིམ་གྱི་སྐོར་ཡོད་པ་ཁག་པོ་ཡིན། རྗེས་མར་ཞང་གི་མཁས་པ་ཁག་གིས་བརྩམས་པའི་དཔེ་ཆ་མཇལ་ན་འ་ཞའི་ས་ལམ་དང་གོ་བསྡུར་བྱེད་འདོད།

(སྤྱིའི་གཟིགས་གྲངས། 211 དེ་རིང་། 1)
Pages: 1 2 3 4 5

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།