ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

འགྲོ་མགོན་བློ་གྲོས་ཀྱི་ས་ལམ་ལས་གསལ་བའི་མཁས་པ་མི་འདྲ་བ་དག་གི་སྐོར་གླེང་བ།།

གསུམ་པ། དོ་པ་ཟེར་བའི་མཁས་པའི་སྐོར།

  གསུམ་པ་དོ་པ་ཟེར་བའི་མཁས་པ་འདི་ནི་སྒ་སྟོན་ས་ལམ་ནང་དུ་གསལ་བའི་གཡོར་དད་ཞེས་པ་དེ་དང་གཅིག་མིན་ནམ་སྙམ། དཔེར་ན་སྒ་སྟོན(༡༢༣༨)འཁྲུངས་ས་ལམ་དང་། འགྲོ་མགོན་གྱི་ས་ལམ་གཉིས་ནས་ཀུན་རྫོབ་ཀྱི་མཚན་ཉིད་དང་། ཚོགས་ལམ་མཚན་ཉིད་སྒོམ་ལམ་མཚན་ཉིད་བཅས་བསྟན་སྐབས། སྒ་སྟོན་གྱི་དགག་བྱའི་གཡོར་དད་དང་འགྲོ་མགོན་གྱི་དགག་པའི་དོ་པ་གཉིས་ནི་གང་ཟག་གཅིག་པ་ལྟ་བུར་རེད་འདུག། དང་པོ་སྒ་སྟོན་ས་ལམ་ཝ་ཎའི་པར་མ་ཤོག་ངོས་༤༤ལས་ཀུན་རྫོབ་མཚན་ཉིད་སྐབས་སུ་དགག་ཡོད་པ་འདི་ལྟར། གཡོར་པོ་དཔོན་དད་ན་རེ་”ཐ་སྙད་ཀྱི་ཤེས་ངོར་བདེན་ཙམ་ཞེས་པ་ཡང་།འཕགས་པའི་རྗེས་ཐོབ་ཀྱི་སྣང་ཡུལ་བོན་ཅན། ཀུན་རྫོབ་མ་ཡིན་པ་ཐལ། ཐ་སྙད་ཀྱི་ཤེས་ངོར་གྲུབ་པ་མ་ཡིན་པའི་ཕྱིར”ཞེས་གསལ་བ་དང་། འགྲོ་མགོན་ས་ལམ་སྨན་དགོན་པར་མ་ཤོག་ངོས་༢༣ལས་”དོ་པས་ཐ་སྙད་ཀྱི་ཤེས་ངོར་བདེན་ཙམ་འདོད་ནི།་འཕགས་པའི་རྗེས་ཐོབ་ལ་མ་ཁྱབ་བོ་”གསུངས་ནས་དགག་ཡོད།དེ་བཞིན་ཚོགས་ལམ་མཚན་ཉིད་སྐབས་སྒ་སྟོན་ས་ལམ་ཤོག་ངོས་༥༨ལས་”གཡོར་དད་ཀྱི་སྒྲ་རྟོག་ལ་བརྟེན་ནས་བོན་ཐམས་ཅད་རང་བཞིན་མེད་པ་ཤེས་པ་ཐབས་ཀྱིས་ཟིན་པ་ནི་ཚོགས་ལམ་ཆེན་པོ་མ་ཁྱབ་སྟེ་”ཞེས་གསལ་བ་དང། ཡང་འགྲོ་མགོན་ས་ལམ་ཤོག་ངོས་༡༣༠ལས”་དོ་པས་སྒྲ་རྟགས་ལ་བརྟེན་ནས་བོན་ཐམས་ཅད་རང་བཞིན་མེད་པ་ཤེས་ཐབས་ཀྱིས་ཟིན་ཟེར་བ་སྦྱོར་ལམ་ལ་ཁྱབ་ཆེ”ཞེས་གསལ། ཡང་སྒོམ་ལམ་གྱི་མཚན་ཉིད་སྐབས་སྒ་སྟོན་ས་ལམ་ཤོག་ངོས་༡༩ལས”་གཡོར་དད་ཀྱིས་རང་བཞིན་མེད་པ་མངོན་སུམ་གྱིས་མཐོང་ཟིན་བསྒོམ་པར་བྱེད་པ་”ཞེས་གསལ། འགྲོ་མགོན་ས་ལམ་ཤོག་ངོས་༢༢༡ལས་དོད་པ་ན་རེ”་རང་བཞིན་མེད་མངོན་སུམ་མཐོང་ཟིན་གོམས་པར་བྱེད་པ”་ཞེས་གསལ་བ་དག་ནི་གནད་གཅིག་ཏུ་གྲུབ་འདུག་མོད། གོང་གི་གཡོར་དད་ཟེར་བ་དེ་སྒྲ་ཟུར་ཆག་ནས་དོ་པ་ཞེས་གྱུར་བ་མིན་ནམ་སྙམ། དཔེར་ན་སྒ་སྟོན་གྱིས་སྐབས་འགར་གཡོར་པོ་དཔོན་དད་ཅེས་བྲིས་ཡོད། དེ་བས་ཅུང་ཙམ་བསྡུས་ན་གཡོར་དད། དེ་ལས་ཅུང་བསྡུས་ནས་དོ་པ་ཞེས་གྱུར་པ་ཨེ་ཡིན་ན་སྙམ། ། ཅུང་ཟད་དཔྱད་དགོས་པ་ཞིག་ནི་རྟོགས་ལྡན་སྒོམ་འབར་གྱི་ཐུགས་སྲས་དྲུག་གི་ནང་ཚན་གནམ་མཚོ་དོ་པ་ཞུ་བའི་བླ་མ་ཞིག་འདུག། ཁོང་ལ་དོ་པ་ཟེར་དོན་གནམ་མཚོའི་དོ་རུ་བཞུགས་པས་དོ་པ་ཟེར་ཚོད། ཚུལ་འདི་ཡི་སྐོར་ནི་ཁ་གསལ་གཏིང་གསལ་གྱི་སྡོམ་ཚིག་ཞིག་རྒྱག་མ་ཐུབ་སྟབས་གནས་སྐབས་དཔྱད་གཞི་རུ་འབུལ་བ་ཡིན།

བཞི་པ། བླ་མ་དྲི་མེད་སྤྱན་ལྡན་གྱི་སྐོར།

  བླ་མ་དྲི་མེད་སྤྱན་ལྡན་ཞུ་བ་དེ་ནི་གཡས་རུའི་ཁྲི་རབས་བདུན་པ་འགྲོ་མགོན་བདུད་རྩི་རྒྱལ་མཚན(༡༡༥༦)འཁྲུངས་ཡིན་པར་སྣང་། གང་ཡིན་ཞེ་ན་”ངོས་ཀྱི་བླ་མ་དྲི་མེད་སྤྱན་ལྡན་ཞེས”་ཐེངས་མང་དུ་གསལ་བས། དེ་ན་ཁོང་ལ་དངོས་སུ་འབྲེལ་བ་དམ་ཟབ་ཞིག་ཡོད་པར་རྟོགས་ཐུབ་ལ། ཕལ་ཆེར་འགྲོ་མགོན་ཁོང་གི་རྩ་བའི་བླ་མ་ཡིན་པར་བསྟན་པ་རེད་སྙམ། མ་ཟད་རྗེ་ཡི་གབ་འགྲེལ་སྨན་དགོན་པར་མ་ཤོག་ངོས་ལས་༢ལས་”དྲི་མེད་སྤྱན་ལྡན་བདུད་རྩི་དང་”ཞེས་གསུངས་ཡོད། ཁུ་བོ་འགྲོ་མགོན་བདུད་རྩི་རྒྱལ་མཚན་ནི་ཁོང་གི་རྩ་བླ་མ་སྟེ་ཐོག་མར་རབ་ཏུ་བྱུང་ནས་ཕྱི་ནང་གི་རྒྱུད་སྡེ་བཀའ་ལུང་མཐའ་དག་ལ་ཉན་བཤད་རྩོལ་སྒྲུབ་ཕུལ་དུ་ཕྱིན་པར་མཛད་ས་དེ་ཡིན། བླ་མ་དྲི་མེད་སྤྱན་ལྡན་ནི་ཁོང་ལ་དངོས་སུ་འབྲེལ་བ་ཡོད་པ་ཞིག་རེད་འདུག་པས་གཡས་རུའི་ཁྲི་འཛིན་བྲུ་ཆེན་ཡབ་སྲས་མ་ཡིན་པར་རྟོགས་ཐུབ་པ་ཡིན། བྲུ་རྗེ་ཁུ་བོན་གྱི་སྐོར་ནི་གོང་དུ་བཤད་ཟིན་པས་འདི་རུ་དྭོགས་གཞི་འབྱུང་མི་དགོས། མཁས་པ་གཉོས་རྒྱལ(༡༡༤༤)འཁྲུངས་མ་ཡིན་པར་མཇུག་ཏུ་གསལ། དེ་ནི་གཡས་རུའི་སྟོན་པ་ཞིག་ཡིན་པར་གསལ་ཏེ་རྩོད་པ་རྩོད་སྤོང་སྐབས་སུ་རང་ལུགས་ཐེངས་མང་དུ་བཞག་ཡོད་ཅིང་། གཞན་སྤ་ཚང་དང་རྨེའུ་ཚང་ཞུ་ཚང་བཅས་ཀྱི་མཁས་པ་ནི་གཞན་ལུགས་ཁོ་ནའི་གྲས་ལས་རང་ལུགས་ལ་ནམ་ཡང་བཞག་གི་མེད་པས་ཤེས་ནུས་པ་ཡིན།

ལྔ་པ། ལུང་རིག་མངའ་བདག་གི་སྐོར།

  བླ་མ་ལུང་རིག་མངའ་བདག་ནི་གཡས་རུའི་ཁྲི་རབས་དྲུག་པ་གཉོས་སྟོན་ཚུལ་ཁྲིམས་རྒྱལ་མཚན་ནམ་མཁས་པ་དབྱར་མོ་ཐང་ཡིན་པར་བདེན་པ་ར་སྤྲོད་བྱུང་ཡོད། ཤེར་ཕྱིན་སྐབས་གཉིས་པར་གཉོས་རྒྱལ་ས་ལམ་ལུང་དྲངས་པ་”ཡུལ་ལ་ཉོན་མོངས་སྐྱེ་ན་སྒོམ་སྤང་ཡིན་ལ་འདིར་ལྟ་བ་ལ་སྐྱེ་བའི་མཐོང་སྤང་ཡིན་ཞེས་ལུང་རིག་མངའ་བདག་གཉོས་རྒྱལ་གྱིས་བཞེད་དོ”ཞེས་གསལ་བས། ལུང་རིག་མངའ་བདག་ནི་མཁས་པ་གཉོས་རྒྱལ་ཡིན་པ་ལུང་ཚིག་དེས་ལན་གསལ་པོ་ཞིག་བརྒྱབས་ཡོད་པ་མ་ཟད། གོང་གསལ་ཤོག་གྲངས་རྗེ་ཡི་གབ་འགྲེལ་ལས”ལུང་རིག་མངའ་བདག་གཉོས་རྒྱལ་དང”ཞེས་གསུངས་པས་སོ། ད་དུང་འགྲོ་མགོན་ས་ལམ་དང་གཞི་ལམ་རྣམ་འབྱེད་གཉིས་གོ་བསྡུར་བྱས་ན་དེ་བས་ཀྱང་ངེས་ཤེས་འདྲོང་སླ་བ་བྱུང་ཡོད། འ་ཞའི་ས་ལམ་ལས་གནས་སྐབས་བདེན་པའི་མཚན་ཉིད་བསྟན་སྐབས།” ལུང་རིག་མངའ་བདག་ན་རེ་རང་གི་བློ་ངོར་གྲུབ་པ་འམ་གཡུང་དྲུང་སེམས་དཔའི་བློ་ངོར་གྲུབ་གསུང་པ་མ་ཡིན་ཏེ”་ཞེས་གསལ། སྐབས་དེ་ཤད་གཞི་ལམ་རྣམ་འབྱེད་ལས་”གཉོས་རྒྱལ་གྱིས་དེ་ཡིས་མཚན་ཉིད་ནི་གཡུང་དྲུང་སེམས་པའི་བློ་ངོར་གྲུབ་ཞེས་པ་ནི་གཡུང་དྲུང་སེམས་དཔའི་གོ་དོན་འཕགས་ལམ་ལ་བྱེད་དམ་བདག་མེད་རྟོགས་པ་གཉིས་གང་ལ་བྱེད”ཅེས་དགག་ཡོད། དེས་ན་ལུང་གོང་འོག་ཕན་ཚུན་གོ་བསྡུར་ན་ལུང་རིག་མངའ་བདག་དང་གཉོས་རྒྱལ་གཉིས་མི་གཅིག་ཡིན་པ་གསལ་པོ་བྱུང་འདུག་པས་ཚུལ་འདི་ཡི་ཐད་ལ་སོམ་ཉི་དང་བྲལ་ཆོག་པ་ཡིན།

(སྤྱིའི་གཟིགས་གྲངས། 211 དེ་རིང་། 1)
Pages: 1 2 3 4 5

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།