ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གསང་དོན་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་བཞུགས་སོ།།

མོའི་ལམ་ལ་གེགས་བྱེད་ཅིང༌། །ཡ་ངའི་གནས་སུ་སྐྱེ་བར་བྱེད། །བརྒྱ་དང་བཅུ་བཞི་གསུངས་པ་ཡང༌། །ལྷན་སྐྱེས་ཀུན་བརྟག་གཉིས་ལ་འདུས། །སེམས་ཉིད་སྤྲོས་བྲལ་བོན་ཉིད་ལས། །བདག་འཛིན་གཡོ་པ་མ་རིག་གོ། །དེ་ཉིད་རྒྱུ་རྐྱེན་གནས་པ་དང༌། །ངོ་བོ་ཁྱད་པར་ཇི་ལྟར་བརྟག །རྒྱུ་རྐྱེན་ཡོངས་བྲལ་མཚན་མེད་དུ། །ཤེས་ན་མ་རིག་ངོས་ཟིན་ཡིན། །དེ་ཟིན་ཀུན་བརྟག་དེ་བཞིན་ཤེས། །ཡིད་འོང་མི་འོང་སྙན་གྲགས་སོགས། །བརྟག་པས་ངེས་མེད་གཏད་མེད་ཤེས། །ཡུལ་དང་དབང་པོ་དགེ་མི་དགེ། །གོང་བཞིན་བརྟག་པས་དེ་བཞིན་ཤེས། །རང་རིག་ཡེ་ཤེས་ངོ་བོ་ཉིད། །སྒྲིབ་མེད་རང་གསལ་དག་ཏུ་འཆར། །དེ་ལས་ལྷུན་གྲུབ་ཡེ་ཤེས་ལྔ༌། །དེ་དང་དབྱེར་མེད་སྟོབས་ལྔའོ། །དེ་ལས་འགག་མེད་སྣ་ཚོགས་ཤར། །དེ་ཉིད་བརྟགས་པས་རྒྱུ་རྐྱེན་བྲལ། །འདི་ཞེས་མཚན་མ་མེད་པར་ཤེས། །མ་རིག་འཁོར་བཅས་གྲོལ་བ་ཉིད། །རིག་པའི་ཡེ་ཤེས་འཁོར་བཅས་ཏེ། །ངོ་བོ་དབྱེར་མེད་བོན་ཉིད་རྟོགས། །མ་རིག་པ་ཉིད་རིག་ཙམ་ན། །རིག་པའི་ཡེ་ཤེས་རང་ལ་འཆར། །སྣང་བ་མ་ལུས་ཡེ་ཤེས་ཀྱི། །རོལ་པར་བསྒྱུར་ནས་ལྟ་བ་སྟེ། །སྣོད་བཅུད་ལྷ་དང་ལྷ་མོ་དང༌། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན། །སྐུ་དང་ཡེ་ཤེས་རོལ་པར་བསྒྱུར། །དེ་དག་སྣང་ལ་རང་བཞིན་མེད། །གསལ་ལ་རྟོག་འཛིན་མེད་པ་ཡི། །རིག་པ་རང་གསལ་བྱང་སེམས་ཀྱི། །ངང་དུ་མ་གཡོས་མ་བཅོས་པར། །ལྷུན་གྱིས་གྲུབ་པ་དགོངས་པའི་ཐེམས། །གནས་ལུགས་དོན་གྱི་སྙིང་པོ་ནི། །འཁོར་འདས་ངོ་བོ་བྱང་སེམས་སོ། །དེ་ཉིད་རྫོགས་ཆེན་བོན་སྐུའང་ཡིན། །སྐྱེ་མེད་གདོད་དག་ལྷུན་གྱིས་གྲུབ། །འཛིན་རྟོག་བློ་འདས་སྤྲོས་དང་བྲལ། །མཐའ་བྲལ་མཚོན་ཅིང་བརྗོད་དུ་མེད། །དེ་ཉིད་རྟོགས་ཤིང་མོས་བར་བྱ། །དག་པ་ཡེ་ཤེས་ངེས་པ་ཡི། །གཉེན་པོས་གནད་དུ་བསྣུན་པར་མཛོད། །འཁྲུལ་སྣང་ལོག་པས་སྣང་འཛིན་གྲོལ། །ལུང་མིན་ལོག་པས་དགེ་བ་འཕེལ། །ཉོན་མོངས་ལོག་པས་ཡེ་ཤེས་འཆར། །ཐེ་ཚོམ་ལོག་པས་ཟབ་ལམ་རྙེད། །ངོ་བོ་དབྱེར་མེད་ཉིད་དུ་གྲོལ། །རང་རྟོག་ཐེག་པའི་ལྟ་བ་དགུ། །དབང་པོའི་ཁྱད་པར་རྣམ་དགུ་ལ། །ཕྱ་སྣང་འཕྲུལ་སྲིད་རྒྱུ་ཡི་ཐེག །དགེ་དྲང་ཨ་ཡེ་འབྲས་བུའི་ཐེག །རྒྱུ་འབྲས་ལ་ཟླ་བླ་མེད་དགུ། །རང་རང་ལྟ་བར་མངོན་ཞེན་པས། །དོན་ལ་རིང་ཞིང་འགྱང་བར་འགྱུར། །ཐེག་ཆེན་འདི་དང་འབྲེལ་གྱུར་པས། །མཐར་ཐུག་འབྲས་བུ་ཉིད་ཀྱང་འཐོབ། །ཡང་དག་ལྟ་བ་རྣམ་པ་གསུམ། །ལམ་པའི་རྒྱུད་དང་གནས་ལུགས་དང༌། །དོན་གྱི་འདུག་ཚུལ་ལ་ལྟོས་ནས། །རིམ་བཞིན་སྤྱི་རྒྱ་རླབས་གཅོད་དང༌། །མཐའ་དགུ་སྤྲོས་དང་བྲལ་བ་དང༌། །དཔེ་དོན་རྟགས་ཀྱི་ལྟ་བར་དབྱེ། །སྤྱི་རྒྱ་རླབས་གཅོད་གསུམ་གྱིས་བསྟན། །མཚན་མ་དང་ནི་ཉོན་མོངས་དང༌། །ལམ་ལ་བདེན་འཛིན་གྲོལ་བ་ལ། །རིམ་བཞིན་དཔེ་དོན་རྟགས་གསུམ་དང༌། །ཉོན་མོངས་ལམ་ལྔ་རླབས་གཅོད་དབྱེ། །ལམ་ལ་དངོས་འཛིན་ཞེན་པ་སྒྲོལ། །ཁྱད་པར་ཆེན་པོའི་རྟོགས་པ་ཤར། །མཐའ་འཛིན་དགུ་དང་བྲལ་བ་ལ། །མཐའ་དགུ་བྲལ་བའི་ལྟ་བ་དགུ། །མཐར་འཛིན་གྲོལ་ཅིང་མཐའ་བྲལ་རྟོགས། །སྣང་སྲིད་ནམ་མཁའི་ངང་དུ་དག །བོན་ཅན་བོན་ཉིད་དབྱིངས་སུ་ཐིམ། །དྲན་རྟོག་སེམས་ཉིད་ཀློང་དུ་གྲོལ། །དེ་ལ་དཔེ་དོན་རྟགས་ལྟ་གསུམ། །འཁོར་འདས་འཛིན་པ་ཡོངས་སུ་གྲོལ། །སྣང་ཚུལ་རོལ་པ་ཇི་སྙེད་པ། །འགག་མེད་ཤུགས་ལས་འཆར་བས་ན། །གནས་ལུགས་སྐྱེ་མེད་སྤྲོས་བྲལ་འགྲུབ། །ཉམས་ང་མེད་ཅིང་བྱ་རྩལ་བྲལ། །སྤྱི་རྒྱ་རླབས་ཀྱིས་ཆོད་པས་ན། །ཁྱུང་ཆེན་མཁའ་ལ་ལྡིང་བས་མཚོན། །སྟོང་གསལ་གཉིས་སུ་མེད་པ་ཡིས། །གཟའ་གཏད་མཐའ་བྲལ་རྒྱུད་ལ་བརྟེན། །ཕྱི་རུ་སྣང་བའི་གཟུང་འཛིན་གྲོལ། །སྣང་བ་སྟོང་པའི་དབྱིངས་སུ་རྟོགས། །ནང་དུ་དྲན་པའི་རྣམ་རྟོག་གྲོལ། །རྟོག་ཚད་ཡེ་ཤེས་ཉིད་དུ་འཆར། །གསང་བ་བདག་འཛིན་མ་རིག་གྲོལ། །ལྷན་སྐྱེས་ཡེ་ཤེས་རང་ལས་འཆར། །དབྱིངས་ཤེས་དབྱེར་མེད་བོན་སྐུ་འཐོབ། །མ་རྟོགས་ལོགས་རྟོག་ཐེ་ཚོམ་དང༌། །ཐེག་པ་འོག་ཞེན་གོལ་བ་དེ། །ཉག་གཅིག་མཐའ་འདས་རྟོགས་པས་ཆོད། །ཡང་དག་ལྟ་བ་གཏན་ཕབ་པས། །སྒྲོ་བཏགས་ལྟ་བའི་མཐའ་ལས་གྲོལ། །གནས་ལུགས་ཇི་བཞིན་རྟོགས་པ་སོགས། །སེམས་ཉིད་བོན་སྐུ་མངོན་གྱུར་ཅིང༌། །འཁོར་བ་རང་སར་གྲོལ་བར་འགྱུར། །མ་རྟོགས་ལོག་རྟོག་ཐེ་ཚོམ་ལས། །རང་རྟོག་རྒྱུ་ཡི་བོན་བཞི་འཕགས། །དེ་བཞིན་དགེ་དྲང་ཨ་ཡེ་དང༌། །དེ་ལས་ཁྱད་པར་བླ་མེད་འཕགས། །ཐེག་ཆེན་ལྟ་བ་རྟོགས་པ་དེ། །ཐེག་པ་འོག་མའི་ལྟ་བ་སོགས། །སྤོང་ངམ་བསྒྱུར་རམ་གཉིས་མེད་དུ། །གྲོལ་བ་ཐོབ་པ་ཉིད་ལ་བརྟག །སྤང་ན་སྤང་ལམ་དག་ཏུ་འགྱུར། །བསྒྱུར་ན་སྒྱུར་བྱེད་རྟོག་ཡིན་ཕྱིར། །རྟོག་བྲལ་ཡེ་ཤེས་ཇི་ལྟར་སྙད། །གཉིས་མེད་རང་བཞིན་སོལ་ནག་བཞིན། །རྟོག་པའི་ཡེ་ཤེས་འཐོབ་མི་འགྱུར། །རྩོད་གཞི་དང་པོ་མ་ཡིན་ལ། །དོན་མཐུན་རྟོག་པ་དེ་ཉིད་ལས། །རྟོག་མེད་ཡེ་ཤེས་སྐྱེ་བའི་ཕྱིར། །རྩོད་པ་གཉིས་པས་འདིར་མི་གནོད། །མ་རིག་ལ་སོགས་ཡེ་ཤེས་ཀྱི། །ངོ་བོ་ཉིད་དུ་གནས་པ་དང༌། །རྟོག་བྱེད་རྐྱེན་ལ་ལྟོས་པའི་ཕྱིར། །རྩོད་པ་གསུམ་པའི་སྐྱོན་གྱིས་དབེན། །གཞན་ཡང་མ་རིག་ཡེ་ཤེས་སོགས། །འགལ་ན་དབྱེར་མེད་ཇི་ལྟར་འབྱུང༌། །འབྲེལ་ན་བདག་གཅིག་དེ་བྱུང་གང༌། །བདག་གཅིག་གྲོལ་བྱ་གྲོལ་བྱེད་འགལ། །དེ་བྱུང་རྒྱུ་འབྲས་ལ་སོགས་འགྱུར། །རྩོད་གཞི་གཞན་དག་མ་ཡིན་ཞིང༌། །བདག་གཅིག་ཆ་གཉིས་མི་འགལ་ཏེ། །རྟོགས་དང་མ་རྟོགས་ཁྱད་པར་གྱིས། །མ་རིག་ཡེ་ཤེས་སོགས་གནས་ཕྱིར། །རྩོད་པ་དེ་ཡི་སྐྱོན་ལས་གྲོལ། །སྒྲོ་བཏགས་ལྟ་བ་མང་བཤད་པ། །གཤིས་ཀྱི་འདུག་ཚུལ་དག་ཏུ་གཅིག །དེ་ཉིད་ཡང་དག་ལྟ་བར་གནས། །དེ་ཕྱིར་གནས་ལུགས་གཏན་ཕབ་པས། །སྒྲོ་བཏགས་རང་སར་གྲོལ་བ་སྟེ། །ཆེད་ཀྱིས་དགག་སྒྲུབ་མི་དགོས་པར། །གཉིས་མེད་རང་གྲོལ་རྟོགས་པའོ། །སྒྲོ་བཏགས་སྤྲོས་པ་ཀུན་བྲལ་ནས། །གནས་ལུགས་དོན་གྱི་རྟོགས་པ་འཆར། །དོན་དང་དོན་མིན་རྣམ་ཕྱེས་ནས། །ཡང་དག་དོན་ལ་འཇུག་པར་བྱེད། །སྤྱོད་པ་རྣམས་པ་གཉིས་ཀྱིས་བསྟན། །ཡིད་འོང་མི་འོང་སྨིན་པ་ལས། །དག་དང་མ་དག་རྣམ་གཉིས་དབྱེ། །མ་དག་བཅོ་བརྒྱད་

(སྤྱིའི་གཟིགས་གྲངས། 310 དེ་རིང་། 1)
Pages: 1 2 3 4 5 6 7

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
 ༄༅། …
error: རྩོམ་འདི་བདག་དབང་ཅན་ཡིན།