ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས་ཀྱི་རྩ་སྡོམ་རྒྱལ་བསྟན་གསལ་བའི་རྒྱན་ཞེས་བྱ་བ་བཞུགས།

    རང་སྣོད་ལ་བརྟེན་སྐྱེ་ཞིང་འཕེལ་བ་བཅུད། །རྩལ་དང་བསྟེན་པ་འབྲས་བུ་སོགས་རྣམ་གྲངས། །འབྱུང་བ་ཡེ་ཤེས་སེམས་ཅན་བཅུད་དང་གསུམ། །འབྱུང་བར་བརྟེན་ནས་སྐྱེ་ཞིང་འཕེལ་བ་འོ། རླུང་སྒྲ་མེ་ཉི་ཆུ་ཟླ་མཁའ་ལས་འོད། །ལྷ་མོའི་འཕྲུལ་ལས་རྩི་ཤིང་ཚ་གསེར་མར། །རང་རྟེན་ཡེ་ཤེས་ལ་བརྟེན་སྐྱེ་ཞིང་འཕེལ། །སྟོང་ཉིད་མེ་ལོང་སོར་རྟོགས་བྱ་གྲུབ་མཉམ། །རང་ཡུལ་སྟོང་ཉིད་རྟོགས་ཆའི་ཡེ་ཤེས་དང༌། །སྣང་སྟོང་མངོན་གསུམ་གསལ་བའི་མེ་ལོང་དང༌། །སྤྱི་དང་རང་མཚན་མ་འགྲེས་མཁྱེན་པའི་ཆ། །གཞན་དོན་འཕྲིན་ལས་མཐར་ཕྱིན་མཁྱེན་པའི་ཆ། །གསལ་སྟོང་རིས་མེད་མཁྱེན་ཆའི་ཡེ་ཤེས་སོགས། །དེ་ལས་འཕྲོས་དང་ཡང་སྤྲོས་མང་དུ་འཕེལ། །བསྡུས་ན་ཇི་ལྟར་ཇི་སྙེད་སྒོ་ནས་གཉིས། །དེ་བཞིན་བརྒྱ་སྟོང་ཁྲི་འབུམ་ལས་སོགས་འཕྲོ། །ཡེ་ཤེས་སྐྱེ་ལུགས་རྟོགས་པའི་ཆེད་དུ་གསུངས། །རང་༼རང༽རྒྱུ་ལས་སྐྱེ་ཞིང་འཕེལ་བའོ། །འདོད་གཟུགས་གཉིས་ལས་འདོད་ལ་འཁྲིག་པས་ཚིམ། །གཉིས་འཁྱུད་ལག་བཅང་རྒོད་འཛུམ་བལྟས་པས་ཚིམ། །ཁྱེའུ་གསར་སྐྱེས་ལོ་ལྔ་ནས་བཅུའི་ཚད། །གཟུགས་ལ་འཁྲིག་མེད་བདེན་དང་ཏིང་འཛིན་དང༌།། བདེ་དགའ་རྣམས་ལས་ཀུན་རྫོགས་གོས་བཅས་འབྱུང༌། །སྤྲུལ་མིན་གོང་འོག་གནས་རྣམས་མཐོང་བ་མིན། །འདི་ནས་རྒྱལ་དང་རྩ་གསུམ་བར་བཞི་ཁྲི། །དེའི་གོང་བར་ཐག་ལྡབ་འགྱུར་རིམ་པས་འཕགས།། སྐྱེ་བཞི་འབྱུང་ལས་ཀུན་འབྱུང་འོས་ལས་བབས། འཛམ་གླིང་མིའི་ཚད་ཁྲུ་བཞི་ཕྱེད་དང་བཞི། །གླིང་གསུམ་དེ་ལས་འགྱུར་སྐྱེད་གླིང་ཆུང་བརྒྱད། །ངན་སོང་གསུམ་བཅས་ལུས་ཚད་ངེས་མེད་ཅན། །འདོད་ལྷའི་ལུས་ཚད་རྒྱང་གྲགས་བཞི་ཆ་བསྐྱེད། ཚངས་ལྷ་དཔག་ཚད་ཕྱེད་བསྐྱེད་འོད་ལ་གཉིས། །ལྡབ་འཕར་སྤྲིན་མེད་གསུམ་དོར་སླར་ལྡབ་འཕར། སྒྲ་མི་སྙན་སྟོང་ནུབ་ཤར་ཕྱེད་ཕྱེད་བྲི། །འཛམ་གླིང་ངེས་མེད་དཔག་མེད་ནས་བཅུའི་བར། །འདོད་ལྷ་མི་ལོ་ལྔ་བཅུ་ནས་ལྡབ་འགྱུར། །ཞག་རྩིས་རང་ལོ་ལྔ་བརྒྱ་ནས་འགྱུར་བསྐྱེད། ཚངས་གསུམ་བསྐལ་པ་ཕྱེད་འཕར་འོད་ལས་གཉིས། རིམ་འཕར་སྤྲིན་མེད་བརྒྱ་དང་གཉིས་ནས་ལྡབ། བརྒྱད་དོར་འབྲས་བུ་ཆེ་ལས་ལྡབ་འགྱུར་འཕར། འོག་མིན་ཆིག་ཁྲི་ཉིས་སྟོང་ལྔ་བརྒྱ་འོ།། ཡང་སོས་ནས་མར་ཚ་དམྱལ་རིམ་པ་བཞིན། །འདོད་ལྷའི་ཚེ་དང་ཞག་རྩིས་ལོ་གྲངས་མཉམ། །ཕྱི་སྒྲིབ་བསྐལ་གཅིག་ནང་སྒྲིབ་མི་ཟླའི་ཞག །ལྔ་བརྒྱ་སྒྲིབ་ཅན་ཚངས་རྒྱུང་ཚེ་དང་མཉམ། །ཚ་ཆེན་བསྐལ་པ་ཕྱེད་གཉིས་ལུས་ཚད་དོང༌། ཏིལ་སྦྱངས་བརྒྱ་ལ་གཅིག་ཕྱུང་ཆུ་བུར་ཚེ། །གྲང་དམྱལ་གཞན་རྣམས་རིམ་བཞིན་ཉི་ཤུ་འགྱུར། རྟ་བརྒྱས་འཁོར་དོང་རྒྱལ་ཆེན་ཚེ་རྡེལ་རེ། བླུག་པས་ཁེངས་པ་མནར་མེད་དམྱལ་བའི་ཚད། སྒྲ་མི་སྙན་ངེས་གཞན་ཚེ་ངེས་མེད་དོ། རྩོམ་གཞི་རྡུལ་དང་ཡི་གེ་སྐད་ཅིག་མ། །ཕྲ་རབ་རྡུལ་ཕྲན་ལྕགས་ཆུ་རི་བོང་ལུག །གླང་ཉི་སྲོ་ཤིག་ནས་རྣམས་བདུན་འགྱུར་རོ། །སོར་ཚིགས་ཉེར་བཞི་ཁྲུ་ལ་དེ་བཞི་འདོམ། །དེ་ཉིད་ལྔ་བརྒྱ་རྒྱང་གྲགས་བརྒྱད་དཔག་ཚད། །སྐད་ཙམ་བརྒྱ་དང་ཉི་ཤུ་སྐད་ཅིག་མ། །དེ་དག་དྲུག་ཅུ་ཐང་གཅིག་ཐང་ཡུད་ཞག །སུམ་ཅུར་ཟླ་གཅིག་དེ་ལྟར་བཅུ་གཉིས་ལོ། །སེམས་ཅན་རང་བཞིན་སྡུག་བསྔལ་རྟོགས་ཆེད་བསྟན།། ནང་བཅུད་བསྟན་པའི་གནས་ཏེ་དྲུག་པའོ།། །།

    རང་ཡུལ་རང་བཞིན་མེད་རྟོགས་བསྡུས་པའི་བོན། །གཅོག་སྲོག་རྟོགས་ཤེས་རིག་གསལ་དབང་པོ་དྲུག །ཡུལ་དྲུག་ལ་ལྟོས་རེ་རེར་དྲུག་རེ་ཡོད། ཁྱད་པར་བདུན་ལས་ལོངས་སྤྱོད་རང་བཞིན་དང༌། དམིགས་པ་ཡུལ་དང་འཁོར་དང་ངེས་ཚིག་དང༌། རྩལ་དང་བཅས་ཏེ་དབང་དྲུག་རེ་ལ་བདུན། །དབང་པོ་ཐོབ་པའི་ཐབས་ལ་འཇུག་ཆེད་བསྟན། །དབང་དྲུག་བསྟན་པའི་གནས་ཏེ་བདུན་པའོ།། །།

(སྤྱིའི་གཟིགས་གྲངས། 300 དེ་རིང་། 1)
Pages: 1 2 3 4 5 6 7

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  རྩོ…
error: རྩོམ་འདི་བདག་དབང་ཅན་ཡིན།