ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ནོར་བུའི་ཕྲེང་བ།

     དེ་ནས་ཡང་མར་སྟོན་སྨན་གོང་བས། སྤུར་ལ་ཕྱག་འཚལ་ནས་གསོལ་བ་བཏབ་པས། ཀྱི་ཧུད་ཀྱི་ཧུད་སྨྲ་བའི་དབང་པོ་ལགས། །སྨྲ་བའི་དབང་པོ་མཁས་པ་དཔལ་ཆེན་གྲོངས། །དགུང་སྔོན་དཀྱིལ་གྱི་གསལ་བྱེད་ཉི་ཟླ་སྟོར། །རི་ཕྲན་དཀྱིལ་གྱི་རི་རྒྱལ་ལྷུན་པོ་འགྱེལ། །ཆུ་བྲན་འདུ་གནས་རྒྱ་མཚོ་ཆེན་པོ་བསྐམས། །འཁོར་ཚོགས་དཀྱིལ་གྱི་ལོ་པཎ་ཆེན་པོ་གྲོངས། །ཀྱི་ཧུད་ཀྱི་ཧུད་སེམས་ཅན་སྙིང་རེ་རྗེ། །འགྲོ་རྣམས་ཐར་པར་འདྲེན་པའི་ཐག་པ་ཆད། །སེམས་ཅན་འཁོར་བ་ལུས་པ་གང་གིས་འདྲེན།།མུན་ནག་ནང་གི་གསལ་བྱེད་སྒྲོན་མེ་འདས། །མུན་ནག་ལམ་སྟོར་ལམ་མཁན་སུ་ཡིས་བྱེད། །ཀྱི་ཧུད་ཀྱི་ཧུད་སྨྲ་བའི་དབང་པོ་ལགས། །མངོན་པ་ས་ལམ་བརྩི་བའི་མཛོད་ཁང་སྟོང་༌། །མཚན་ཉིད་སྡེ་སྣོད་ཞུ་འདོད་སུ་ལ་ཞུ། །རིག་པའི་རལ་གྲི་བདར་བའི་ས་བདར་གྲུགས། །རིག་དང་ཚད་མ་ཞུ་འདོད་སུ་ལ་ཞུ། །བསྙེན་རྫོགས་འདུལ་བ་འཛིན་པའི་བུམ་པ་ཆགས། ། འཕན་ཡུལ་འདུལ་ཁྲིམས་ཞུ་འདོད་སུ་ལ་ཞུ། །བསྙེན་རྫོགས་ཡང་རྩེར་བགྲོད་པའི་སྐས་པ་ཆགས། །གསང་སྔགས་རྫོགས་ཆེན་ཞུ་འདོད་སུ་ལ་ཞུ། །རྒྱུད་གཞུང་འགྲེལ་ཏིག་རྩོམ་པའི་ལྡེ་མིག་སྟོར། །རྒྱུས་མེད་ཐ་རམས་ལྟ་བུ་སུ་ཡིས་ཕྱེད། །ཀྱི་ཧུད་ཀྱི་ཧུད་སྨྲ་བའི་དབང་པོ་ལགས། །འཕྲུལ་ངག་བོན་འདོད་གྲྭ་པ་ལམ་དུ་ལུས། །ལམ་ལུས་རྣམས་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཕྱོགས་བཅུའི་འཇིག་རྟེན་འགྲོ་དོན་གར་མཛད་ཀྱང་༌།།བདག་ཅག་རྣམས་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཞེས་གསོལ་བ་བཏབ་པའོ། །བླ་མ་ཆེན་པོའི་སྤུར་བཀའ་ཆེམས་བཞིན་ཏུ་བྱས་ནས་དར་ཟབ་ཀྱིས་དྲིལ། རབ་གནས་བྱས།སྨན་གོང་གི་ནུབ་ཕྱོགས་ས་ལ་གཏེར་དུ་བཅོལ་ལོ། །གཏེར་གཉེན་གར་ཁྱལ་ལྗང་ལ་གཏད་ནས། སྨན་གོང་བ་དང་༌། སྤ་འོད་གསལ་དང་༌། གཤེན་གསང་ཆེན་རྣམས་ཀྱིས་འདི་སྐད་གསུངས། ལོ་པཎ་ཆེན་པོའི་སྤུར་ཐང་གཅིག་ཁྱེད་ལ་གཉེར་དུ་བཅོལ། །གསུང་དུས་རིང་སྲཻལ་ཞོར་འབྱུང་བས། །གདུང་ལ་རིང་སྲེལ་གྲངས་མེད་འབྱུང་༌། །འདི་གཉེན་པོ་ཁྱེད་ཀྱིས་གཉེར་བཟུང་ལ། །ནམ་ཞིག་བསྐལ་པའི་ཐ་མའི་དུས་ལ་བབ་པའི་སྐལ་ལྡན་གྱི། །ལས་ཅན་ཞིག་གིས་འདོན་པར་འོང་༌། །དེ་ལ་བཅོལ་གཏད་ལྟ་བུར་གཏོད། །དེ་སྐད་གསུངས་ནས་རབ་གནས་མཛད། དེ་ནས་བླ་མ་བྲུ་ཞུ་གཤེན་གསུམ་དང་༌། གུར་ཞོག་ནས་གསས་མཁར་བླ་མ་གདན་དྲངས་ནས། གསོལ་འདེབས་རྒྱས་པར་མཛད། ནང་རྟེན་དུ་རྣམ་དག་ཡུམ་གྱི་གསེར་སྐུ་བཞེངས། སྨན་གོང་སྟོད་དུ་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་བཞེངས་ནས། ནང་རྫོང་ལ་གསོལ་འདེབས་བཞུགས་སུ་གསོལ། ཕྱག་དཔེ་རྣམས་སྨན་གོང་དུ་བཞུགས། ཕྱག་མཁར་གྱི་ཧོས་རུ་དང་༌། ལྷུང་བཟེད་དང་༌། བུམ་པ་རྣམས་གདན་ས་ཡིན་པས་བཟང་རིར་གདན་དྲངས། རྣམ་དག་ཡུམ་གྱི་གསེར་སྐུ་གུར་ཞོག་ཏུ་གདན་དྲངས། སྐུ་འབུམ་ལ་སྐོར་བ་མཛད་ཀྱིན། སྤ་སྟོན་འོད་གསལ་རྒྱལ་མཚན་གྱིས་ཕ་རོལ་གཡུལ་ལས་རྒྱལ་བར་མཛད་དོ། །སྐུ་གདུང་གཏེར་བཅོལ་ཕྱི་རབས་སྨོན་ལམ་བཏབ།།འགྲོ་བའི་དོན་དུ་ཕྱི་རྟེན་ནང་རྟེན་བཞེངས། །གྲྭ་སློབ་གནམ་གྱི་སྐར་མ་ཙམ་གྱིས་ནི། །ཞལ་བསྲོ་རབ་གནས་བཀྲ་ཤིས་མཛད་ལ་བསྟོད། །ཅེས་བྱ་བ་སྟེ་ཕྱི་རྟེན་ནང་རྟེན་བཞེངས་ནས་རབ་གནས་བཀྲ་ཤིས་མཛད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། ཅེས་བྱ་སྟེ་ས་སྟེང་འདི་ན་འགྲན་ཟླ་དང་བྲལ་བ་མཁས་པ་དཔལ་ཆེན་པོའི་རྣམ་ཐར་མཛད་པ་བཅུ་གཉིས་ནོར་བུའི་ཕྲེང་བ་ཞེས་བྱ་བ་འདི་བླ་མ་ཡུན་རིང་དུ་བསྟེན་པ་སྤ་སྟོན་འོད་གསལ་རྒྱལ་མཚན་གྱིས་སྦྱར་བ་རྫོགས་སོ།། །། བཀྲ་ཤིས།།

               བལ་ཡུལ་ཁྲི་བརྟན་ནོར་བུའི་རྩེའི་དཔེ་མཛོད་ཁང་གི་གློག་ཀླད་ནང་དཔར་རྩ་བསྒྲིགས། ༢༠༠༡་༡༢་༡༨།

(སྤྱིའི་གཟིགས་གྲངས། 260 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཤེན་རབ་ཐུ…
error: རྩོམ་འདི་བདག་དབང་ཅན་ཡིན།