ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ནོར་བུའི་ཕྲེང་བ།

་དམོད་མོ་ངན་པ་བྱས་པ་ཡིན་གསུངས། ད་འདི་ལ་ཐབས་ཅི་བདོག་ཞུས་པས། ཐབས་གང་ཡང་མེད། ཚེ་སྔ་མ་ལ་པནྚི་ཏ་མང་པོའི་ལུས་བླངས་པས། དེ་ཡི་བག་ཆགས་འདི་ལ་སྨིན་པ་ཡིན་པས། སྡུག་བསྔལ་མཇུག་རྫོགས་པའི་ཕྱིར་དུ་ཡིན་གསུངས། དེར་སྙུང་གཞི་ཐུ་བའི་དུས་མར་སྟོན་རྒྱལ་གྱིས་དགོངས་པ་གསལ་བར་གདའ་འམ་ཞུས་པས། ད་ནི་འགྲོ་འདུག་དུས་སུ་ཐུག །དབྱིངས་རིག་མ་བུ་འདྲེས་ནས་ཡོད། །ཅེས་གསུངས། དེ་ལ་སེ་སྟོན་ན་རེ། མདང་ད་ནང་རྗེ་ཡི་མཛད་སྤྱོད་ལ་བལྟས་པས་བདག་རྣམས་ཡིད་མ་རངས། རྣམ་ཤེས་སྙིང་ལ་གཟེར་གྱིས་ཐེབས། །ཐབས་ཟད་སྡུག་གི་མཆི་མས་བརྣངས། །ད་རུང་འགྲོ་བ་དྲང་ཕྱིར་དུ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །ཞུས་པས། དེ་ནས་སྐུ་བརྩོན་པར་ཅོག་པོར་བཞེངས་ནས་འདི་སྐད་གསུངས། ཡེ༑ ཉོན་དང་འཁོར་རེ་ཇོ་བོ་ཚོ། །དད་ལྡན་འདུས་པའི་བུ་ཚོ་ཉོན། །དལ་འབྱོར་རྙེད་པ་དཀའ་བས་རྙེད་ཚེ་མདོ་དོན་སྒྲུབས། །ནམ་འཆི་ངེས་པ་མེད་ཀྱིས་དགེ་སྦྱོར་རིམ་གྱིས་འབོད། །སངས་རྒྱས་གཞི་མ་ཡིན་གྱིས་སྙིང་རྗེ་བྱམས་སེམས་སྒོམས། །རང་སེམས་སྤྲོས་བྲལ་ཡིན་པས་སྤྲོས་མེད་ངང་ལ་ཞོགས། །སྣང་སྟོང་དབྱེར་མེད་ཡིན་པས་ཞེན་མེད་དྲན་པ་བསྟེན། །གནོད་བགེགས་ཕ་མ་ཡིན་པས་བྱམས་དང་སྙིང་རྗེ་སྒོམས།།རྐྱེན་ངན་དགེ་བསྐུལ་ཡིན་པས་གང་བྱུང་ལམ་དུ་ཁྱེར། །ཐར་པའི་རྩ་བ་ཡིན་པས་ཚུལ་ཁྲིམས་སྲོག་ལྟར་སྲུངས། །དགེ་སྦྱོར་གོལ་ས་ཡིན་པས་ཚེ་འདིའི་ཆེ་ཐབས་སྤོངས། །རྙེད་བཀུར་འཆིང་བྱེད་ཡིན་པས་འདོད་ཡོན་འཁྲི་བ་ཆོད། །འཆི་བ་མྱུར་དུ་འོང་ངོ་གྲབས་སུ་ཚུད་པར་གྱིས། །གསུངས་སོ། །དེ་ནས་སྨན་གོང་བས་ཞུས་པ། ལྟ་བའི་མཐར་ཐུག་ཅིག་གསུངས་པར་ཞུ་ཞུས་པས། སྣང་བ་ཐམས་ཅད་སྣང་ཞིང་བདེན་པས་སྟོང་༌། །སྟོང་པ་དེ་ཉིད་སྣ་ཚོགས་ཤར། །དེ་ཕྱིར་སྣང་དང་སྟོང་པ་ཐ་དད་མེད། །སྟོང་པ་ཉིད་ལ་གཅིག་ཏུ་མ་གྲུབ་པས། །གཅིག་དང་ཐ་དད་ཡོད་མེད་རྟག་ཆད་བྲལ། །སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པ་རུ། །དེ་ལ་འདི་ཉིད་བདེན་ཞེས་ཞེན་པ་མེད། །ལྟ་བ་མེད་པ་ལྟ་བའི་མཐར་ཐུག་ཡིན། །

       ཀ་བཀའ་རྒྱུད་གསུང་རབ་འཛིན་པ་ཡི། །ཁ་ཁ་བ་ཅན་གྱི་བོད་ཡུལ་འདིར།།ག་གངས་དཀར་སེང་གེའི་བུ་རྒྱུད་བཞིན། །ང་ང་བདག་བྲལ་བའི་དཔལ་ཆེན་ངས། །ཅ་བཅོས་མེད་ཐོས་བསམ་སྒོམ་གསུམ་ལ། །ཆ་ཆུ་བོ་བཞིན་དུ་འབྲལ་མེད་སྦྱངས། །ཇ་བྱེ་མའི་གྲངས་ཙམ་ལ་ཤན་ཕྱེད། །ཉ་ཉམས་པ་མེད་པའི་ཚུལ་ཁྲིམས་དང་༌། །ཏ་སྟོང་ཉིད་ཟབ་མོ་མཐའ་བྲལ་ལྟ་བ་ལྡན། །ཐ་ཐག་ཆོད་ད་ལྟའི་བེམ་རིག་བྲལ། །ད་ད་རུང་ཉེ་འབོད་དབུས་འདི་རུ། །ན་ནམ་ཡང་སྐྱེ་བ་གསུམ་བཞི་ཞིག །པ་པནྚི་ཏ་དང་དཔའ་བོ་དང་༌། །ཕ་ཕར་ཕྱིན་རྣལ་འབྱོར་ལུས་ཀྱང་ལེན། །བ་བེམ་པོ་རུལ་བའི་ལུས་པོ་འདི། །མ་མེ་ལ་མ་བསྲེགས་རྒྱུད་པ་དང་༌། །ཙ་ཙ་རེག་ཅན་གྱི་གཞི་བདག་འཁྲུགས། །ཚ་ཚ་ཡི་ཚུལ་དུ་མངའ་གསོལ་བས། །ཛ་རྫུ་བག་གསལ་ལ་གཏེར་དུ་སྦོས། །ཝ་ཝལེ་ཧྲིག་གེ་ཚེ་སྔོན་ནས། ཞ་ཞང་ཞུང་རྒྱ་གར་རྒྱ་ནག་དང་༌། །ཟ་ཟ་ཧོར་བ་གོར་བྲུ་ཤ་དང་༌། །འ་འ་ཞའི་ཡུལ་ཏུ་ལུས་བླངས་ནས། །ཡ་ཡི་དམ་སྒྲུབ་པའི་གྲུབ་རྟགས་དང་༌། །ར་རིང་སྲེལ་སྐུ་གདུང་མང་འབྱོན་ཏེ།།ལ་ལས་འཕྲོ་ཅན་གྱིས་དུས་མཐར་འདོན། །ཤ་ཤ་རི་རམ་གྱི་འཕེལ་གདུང་ལ། །ས་ས་ཡི་རྡུལ་བཞིན་གྲངས་འཕེལ་ནས།། ཧ་ཧོར་ཡུལ་མཐའ་རིས་ཚུན་ཆོད་དུ། །ཨ་ཨ་ཧོ་ཡུལ་འདིར་ཁྱབ་པར་འགྱུར། །ཀ་ཀ་སྨད་སུམ་ཅུའི་ཞལ་ཆེམས་འདི། །ཡིད་ཆེས་པར་མཛོད་ལ་ཐུགས་ལ་ཞོག །ཅེས་གསུངས་ནས་ཁྱི་ལོ་དབྱར་ཟླ་ར་བའི་བཅོ་ལྔའི་སྐྱ་རེངས་ཤར་བ་ལ་དྲོད་དང་རྣམ་ཤེས་ཐུགས་ཀར་འདུས། སྤྱན་གྱེན་ལ་ཧྲིག་གེར་མཛད་ནས། སྨན་གོང་སྤྱི་རྟིང་ལ་ཉི་རྩེ་ཤར་བ་དང་༌། ཡི་གེ་ཨ་དཀར་པོ་ནམ་མཁར་འཕྲོས་པ་ཀུན་གྱིས་མཐོང་ནས།བླ་མ་ཆེན་པོ་སྐུ་མྱ་ངན་ལས་འདས་སོང་༌། དེ་ཉིན་ས་གཡོ་བ་དང་༌། སྒྲ་སྣ་ཚོགས་དང་༌།གཞའ་ཚོན་འོད་དུ་འཐིབས་མཚོ་སྙ་ནང་དུ་བྱུང་སྟེ། དགུང་ལོ་རྩ་ལྔ་ཁྱི་ལོ་ལ་སྐུ་གཤེགས་སོ༑ ༑སྐུ་ལུས་སྙུང་གིས་ཟིན་ཀྱང་ན་ཚ་སྡུག་བསྔལ་མེད། །འདའ་ཁར་ཞལ་ཆེམས་འཁོར་རྣམས་ཀུན་ལ་གསུངས། །རྣམ་ཤེས་ཨ་ཡི་རྟ་ལ་ཆིབས་ནས་སུ། །དབུ་མའི་ལམ་ལ་གཤེགས་ལ་ཕྱག་འཚལ་བསྟོད། །ཞེས་བྱ་སྟེ་སྐུ་མི་རྟག་མྱ་ངན་ལས་འདས་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།

(སྤྱིའི་གཟིགས་གྲངས། 260 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཤེན་རབ་ཐུ…
error: རྩོམ་འདི་བདག་དབང་ཅན་ཡིན།