ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ནོར་བུའི་ཕྲེང་བ།

    དེ་ནས་སྤྲུལ་སྐུ་ལྷ་རི་གཉེན་པོ་དེས་མྱང་མོ་དཔལ་ཆེན་མཚོ་ཁབ་ཏུ་བཞེས་པ་ལ་སྲས་མེད། ལྷ་ཕུ་བའི་འབྲམ་ཟ་བསོད་མཚོ་ཁབ་ཏུ་བཞེས་པ་ལ། སྲས་ཞིག་སྐུ་འཁྲུངས་པ་ནི། སློབ་དཔོན་འཁོར་ལོ་རྒྱལ་པོ་སྐུ་གཞོན་ལ་གྲོངས། དེ་ནས་ཡོས་ལོ་དབྱར་ཟླ་ར་བའི་ཚེས་གཅིག་གི་ནུབ་མོར། འབྲམ་ཟའི་རྨི་ལམ་ན་མི་དཀར་པོ། སྐུ་ལ་ན་བཟའ་སྣ་ཚོགས་མནབས་པ།དབུ་ལ་དར་དམར་གྱི་ལ་ཐོད་བཅིངས་པ། ཕྱག་ན་པོ་ཏི་དང་བུམ་པ་བསྣམས་པ་ཞིག་ན་རེ།པོ་ཏི་དང་བུམ་པ་བདག་གི་སྤྱི་གཙུག་ཏུ་བཞག་ནས། ཨེ༑ ང་ནི་མི་ལུས་བསམ་ལེགས་ཡིན། །བདག་ནི་འགྲོ་བའི་དོན་ལ་འོང་། །ཁྱོད་ལ་བྱིན་རླབས་དབང་བསྐུར་བས། །དགྲ་བཅོམ་པཎ་ཆེན་འབྱོན་པར་ཤོག །ཟེར་ནས་གཞའ་ཡལ་བ་བཞིན་དུ་བདག་ལ་ཐིམ་པར་རྨིས། གཉིད་སད་ནས་ལུས་ཡང་སྣང་བ་བདེ། དེ་ནས་ཞག་གསུམ་སོང་པའི་ནུབ་མོར་རྨི་ལམ་ན། རྣལ་འབྱོར་པ་ཞལ་རས་དཀར་ལམ་མེ་བ། སྟག་ལྤགས་ཀྱི་ཨང་གྷ་ར་དང་དར་གོས་སྔོན་པོ་གོན་པ། ཕྱག་ན་ཐོད་པ་ཞིག་དང་། མེ་ཏོག་ཨུད་དུ་འབར་བ་བསྣམས་པ་ཞིག་ན་རེ། འབྲམ་ཟ་བསོད་མཚོ་ང་ལ་ཚང་ཞིག་གཡར་དགོས་ཟེར་ནས། མེ་ཏོག་དེ་བདག་ལ་གཏད་པ་རྨིས། ང་ནི་ཟླ་བ་རྒྱལ་མཚན་ཡིན་ནོ་ཟེར་ནས། དབྱར་ཟླ་འབྲིང་པོའི་ཚེས་བརྒྱད་མུན་སྲོད་ཐོ་རེངས་ཁར། སྲིད་པའི་རྒྱལ་མོ་སྐུ་ལ་རྨ་བྱའི་ཐུལ་བ་གསོལ་བ།ཕྱག་ན་རལ་གྲི་དང་ཐོད་ཁྲག་བསྣམས་ནས། མདུན་གྱི་ནམ་མཁའ་ལ་ཡེར་གྱིས་བྱུང་ནས།ཨེ༑ སང་ཕོད་ཉི་མ་དེ་རིང་ཙམ་ན། །ཁྱོད་ལ་སྲས་ཞིག་འཁྲུངས་པ་སྟེ། །མི་ལུས་བསམ་ལེགས་ཀྱིས་བྱིན་གྱིས་བརླབས་ནས། །ཟླ་བ་རྒྱལ་མཚན་ངོ་བོ་ཉིད། །ལོ་པཎ་ཆེན་པོ་འབྱོན་པ་ཡིན། །བོན་གྱི་བཀའ་རྒྱུད་གཤག་པའི་སྟ་རེ་ཡིན།། མིང་ཡང་མཁས་པ་དཔལ་ཆེན་བྱ་བ་ཐོགས་ཤིག་གསུངས། དེའི་ཕྱི་ལོ་འབྲུག་གི་ལོ་དཔྱིད་ཟླ་ར་བའི། ཚེས་བཅོ་ལྔ་སྐར་མ་རྒྱལ་སྟོད་ཀྱི། ཐོ་རངས་སྐྱ་རེངས་ཤར་བ་ལ་སྐུ་འཁྲུངས་ཏེ༑ སྐུ་ལུས་མཚན་དང་ལྡན་པར་བྱོན་ནས་མཚན་ཡང་མཁས་པ་དཔལ་ཆེན་དུ་བཏགས་སོ༑ ༑མི་ལུས་བསམ་ལེགས་སྤྲུལ་པའི་སྲས་སུ་གཤེགས། །ཚེ་སྤུངས་ཟླ་བ་རྒྱལ་མཚན་སྤྲུལ་པའི་ངོ་བོ་ཉིད།།སྲིད་རྒྱལ་ལུང་བསྟན་དཔལ་དུ་མཚན་ཡང་གསོལ། །སྐུ་མཆོག་མཚན་དཔེ་གཟི་བརྗིད་ལྡན་ལ་བསྟོད། །ཅེས་བྱ་སྟེ་སྐུ་འཁྲུངས་པའི་ལེའུ་སྟེ་གཉིས་པའོ།། །།

   དེ་ནས་བུ་ཆུང་དཔལ་ཆེན་དེ། གཞན་མ་ཀུན་ལས་གཞི་མ་དལ་བ། སྐུ་ལུས་ཆེ་བ། བུ་ཆུང་དུས་སུ་ཡང་། ཞབས་དཀྱིལ་ཀྲུང་༌། ཆེར་སོང་ཙ་ན་བུ་ཚ་ཡ་བོ་ཀུན་ལ། ཁྱོད་རྣམས་ང་ལ་ཉོན་དང་༌།ངས་བོན་འཆད་པ་ལ་ས་རབ་དགའ་མན་ཆད་བཤད་ཀྱིན་ཟེར་ནས་ཡང་ཡང་དྲན་སྐུལ་བྱེད།ཡབ་ཀྱིས་ཀ་ཁ་ཚར་གསུམ་ཁྲིད་པས། དེ་མ་ཁད་ལ་ཀློག་ཤེས་ནས། ངས་རྒྱ་གར་དང་ཞང་ཞུང་དུ་བསླབས་དུས་འདི་འདྲ་ཡིན་ཟེར་ནས་བཏོན། དགུང་ལོ་ལྔ་ལ་མངོན་མཛོད་ཀྱི་ཚིག་རྣམས་བཏོན་ནས། མངོན་པ་བརྩི་བ་ཡིན་ཟེར། དགུང་ལོ་དགུ་ལ་མངོན་པ་མཛོད་ཀྱི་བཤད་པ་མཛད། བླ་མ་ཆེན་པོས་བོན་གསུང་དུས། དེའི་གྲལ་དུ་བསྡད་ནས་རྩི། དམྱལ་དང་མཁས་བཙུན་ཇོ་གཡུང་སྲས་རྣམས་ལ། བླ་མའི་གསུངས་པ་རྣམས་སྐྱོར་དང་ཟེར་ནས་རྩོད་པ་བྱས། ཁོང་རྣམས་ཀྱིས་མ་འཁྱོར་བ་ལ། འདི་འདྲ་ཡིན་ཟེར་ནས། མདོ་དང་མངོན་པ་མཛོད་ཀྱི་ཚིག་རྣམས་མ་སྒྲིབ་པར་ས་ལེ་གསལ་བར་ཡོད་པ་བྱུང༌། དགུང་ལོ་བཅུ་གསུམ་ལ་བླ་མ་ཆེན་པོས་དགེ་བསྙེན་གནང་དུས་དེའི་གྲལ་དུ་དགེ་བསྙེན་མཛད་ནས་གསུང་རབ་འགའ་ཟུང་ཐུགས་ལ་ཆུད་དོ། །ཚོགས་གཉིས་རྫོགས་པའི་དལ་འབྱོར་ལུས་དང་ལྡན། །སྔོན་སྦྱངས་འཕྲོ་སད་བྲིས་ཀློག་མ་བསླབས་མཁྱེན། །སྐྱེ་བ་སྔ་ཕྱི་ཐུགས་ལ་ས་ལེར་མཁྱེན། །སྔོན་སྦྱངས་ལས་འཕྲོ་སད་ལ་ཕྱག་འཚལ་ལོ། །ཅེས་བྱ་སྟེ་ཡོན་ཏན་གྱི་གཞི་མ་བསླབས་པའི་ལེའུ་སྟེ་གསུམ་པའོ།། །།

(སྤྱིའི་གཟིགས་གྲངས། 260 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཤེན་རབ་ཐུ…
error: རྩོམ་འདི་བདག་དབང་ཅན་ཡིན།