ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ནོར་བུའི་ཕྲེང་བ།

    དེ་ནས་བུ་ཆུང་དཔལ་ཆེན་དེས། གཞན་ཕྱོགས་ཀྱི་སློབ་གཉེར་ཞིག་ཐུགས་ལ་བཞེད་པས། ཡབ་ལ་ཞུ་བ་ཕུལ་བ། བདག་གཞན་ཕྱོགས་ཤིག་ཏུ་སློབ་གཉེར་ཞིག་ཏུ་ལོ་གཅིག་གཉིས་འགྲོ་ཞུས་པས། ཡབ་ཀྱི་ཞལ་ནས།ད་འགྲོ་ན་ཆས་ཀ་ཚང་མ་ཁུར་ལ་སོང་༌། སློབ་གཉེར་བསྟན་པའི་སྲོག་ཤིང་ཡིན། ཐོས་བསམ་བསྟན་པའི་སྒྲོན་མེ་ཡིན་པས་འཐད་གསུང་ནས་གཤེགས། སློབ་དཔོན་གསུམ་གྱིས་གསེར་གཡུ་འགའ་ཟུང་ཁུར་ནས། གཞན་སྡེའི་གྲྭ་སར་ཕྱིན་ནས་མཁས་པ་མང་པོ་ལ་རྒྱུད་སྡེ་མང་པོ་དང་༌། ཚད་མ་སྡེ་བདུན་གསན། མཁས་པར་གྲགས་པ་ཐོབ་ནས། ཚད་མ་རྣམ་འགྲེལ་ལ་ཏི་ཀ་དོན་གསལ་སྒྲོན་མེ་བཀོད། རྐང་པོ་སྨྲ་བའི་སེང་གེ་ལ་དབུ་མའི་སྐོར་གསན། མངོན་སྐོར་རྣམས་གསན། འདུལ་བའི་སྡེ་ལ་ལེགས་པར་ཐུགས་སྦྱངས་མཛད།གཞན་ཕྱོགས་གྲྭ་ས་མང་དུ་བསྟེན་ནས་ལོ་བདུན་བཞུགས། བསྟན་པའི་སྲོག་ཤིང་ཐོས་བསམ་མཛད་དགོངས་ནས། །གཞན་ཕྱོགས་ཡུལ་དུ་སྒྲོ་འདོགས་ལེགས་པར་བཅད།།བསྟན་པའི་ཁུར་གྱིས་རབ་ཏུ་མི་ངལ་བའི། །གཞན་ཕྱོགས་ཐོས་བསམ་སྦྱངས་ལ་ཕྱག་འཚལ་བསྟོད། །ཅེས་བྱ་སྟེ་གཞན་ཕྱོགས་ཐོས་བསམ་སྦྱངས་པའི་ལེའུ་སྟེ་བཞི་པའོ།། །།

    དེ་ནས་གྲྭ་ས་དེར་བཞུགས་ནས་གྲྭ་པ་རྣམས་ལ། སྔ་དྲོ་ཕར་ཚད་ཀྱི་ཐུན་འཆད་ནས་ཚར་བའི་རྗེས་ལ། ཁམས་མི་བདེ་བ་ཞིག་བྱུང་༌། དེ་ནས་བོན་སྐྱོང་བསྐང་གསོལ་བྱས་པས་དྲག་སང་ཉིན་ཙ་སློབ་དཔོན་རྣམས་ན་རེ། དེ་ཁྱེད་སློབ་གཉེར་ཡང་མཁས་པར་མཁྱེན།གྲྭ་པ་ཡང་མང་པོ་ཡོད་པས། བསྙེན་རྫོགས་ཀྱི་སྡོམ་པ་ཞུས་ལ། གྲྭ་ས་འདིའི་གླིང་སྨད་ཀྱི་སློབ་དཔོན་ཕ་ཡུལ་དུ་ཕྱིན་ན་འདུག་དགོས་ཡོང་ཟེར་བ་ལ། དེ་ནུབ་སྲོད་ལ་བྲོས་ལ་འགྲོ་བསམ་པ་ལ། ཡང་མནོ་བསམ་ཞིག་བཏང་བས། སློབ་གཉེར་འདི་ཙམ་བསླབས་ནས་བྲོས་ན་ཉེས་པའི་རྣམ་སྨིན་ཡོང་སྙམ་ནས། མིང་མ་སྤོས་པར་སྡོམ་པ་ཞུས་ན་བསམ་པ་ལ།དེ་ནུབ་ནམ་གྱི་སྲོད་འཁོར་ཙམ་ན། སྲིད་རྒྱལ་སྐུ་མདོག་མཐིང་ནག་གཡས་རལ་གྲི་ནམ་མཁའ་ལ་ཕྱར་བ། གཡོན་པས་ཐོད་ཞལ་ཐུགས་ཁར་བཟུང་བ་ཞིག་མདུན་གྱི་ནམ་མཁའ་ལ་བྱུང་ནས་འདི་སྐད་ཟེར། ད་ནི་རང་གི་ཡུལ་དུ་འགྲོ། ཁར་སང་ཁམས་མི་བདེ་བ་དེ་ཡང་ཡར་འགྲོ་ཟེར་བའི་བརྡའ་ཡིན་ཏེ་མ་གོ་བར་འདུག་འདིར་བསྡད་ན་བར་ཆོད་ཡོང་ཟེར་ནས་གར་སོང་ཆ་མེད་ལ་སོང་༌། ཐོ་རངས་ཁར་བདག་གི་རྨི་ལམ་ན། རབ་བྱུང་བཙུན་པ་ན་བཟའ་གོས་དྲུག་དང་པད་ཞུ་གོན་པ་ཞིག་གིས་བདག་ལ་འདི་སྐད་ཟེར། སྡོམ་པ་རང་གི་སྡོམ་པ་ལོངས་ལ་རང་ཡུལ་དུ་རང་གི་བསྟན་པ་སྐྱོངས། གཞན་གྱི་སྡོམ་པས་ཕན་མི་ཐོགས་ཟེར་རོ། །ཁྱེད་སུ་ཡིན་བྱས་པས། ང་དམུ་ཚ་ཏྲ་ཧེ་ཡིན་ཟེར་ནས། བདག་གི་མགོ་ཐོག་ཏུ་ཧོས་རུ་དང་པད་ཞུ་བཞག་ནས། ཉིས་བརྒྱ་ལྔ་བཅུ་རྫོགས་པར་འགྱུར་བ་ཟེར་བ་དང༌། བདག་གཉིད་སད་པ་བྱུང་༌། ད་ཡར་འགྲོ་ཟེར་བ་བྱས་པས། ཡར་ལ་སྙེ་མོར་བྱོན་ནས།སྡེ་རྩེ་གཤོང་དུ་སློབ་དཔོན་རྩང་པ་ལ། གཙང་གཙུག་གི་སྡོམ་པ་ཞུས། ཚུལ་མིང་ཚུལ་ཁྲིམས་དཔལ་དུ་བཏགས། འདུལ་བ་མདོར་བསྡུས་ཚར་གཅིག་ཉན། དེ་ནས་ཀུན་བཟང་གནས་བརྟན་དང་མཇལ། བདག་གི་བསམ་པས་གཞན་སྡེའི་བསྙེན་རྫོགས་ཞུས་ཀྱང་༌།རང་གི་སྡོམ་རྒྱུད་མིན་པས་མི་ཡོང་བར་འདུག་འོན་ཀྱང་རྨི་ལམ་དུ་ཐོབ་ཀྱང་མངོན་གྱུར་དུ་མ་ཐོབ་སྙམ་ནས། ཀུན་བཟང་གནས་བརྟན་རིན་པོ་ཆེ་ལ་བསྙེན་རྫོགས་ཞུས་ནས་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང་དུ་བླང་ངོ༌། །དམུ་ཚ་ཏྲ་ཧེ་མཁན་སློབ་རྣམ་གསུམ་ལ། །ཤེལ་གྱི་སྐས་གདང་བཞིན་དུ་ཚུལ་ཁྲིམས་བླངས། །བརྒྱ་ཕྲག་ཕྱེད་དང་གསུམ་གྱི་ལེགས་སྤྲས་པའི། །ཁྱིམ་སྤང་རབ་བྱུང་མཛད་ལ་ཕྱག་འཚལ་བསྟོད། ། ཞེས་བྱ་སྟེ་རབ་ཏུ་བྱུང་བའི་ལེའུ་སྟེ་ལྔ་པའོ།། །།

(སྤྱིའི་གཟིགས་གྲངས། 260 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཤེན་རབ་ཐུ…
error: རྩོམ་འདི་བདག་དབང་ཅན་ཡིན།