ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ནོར་བུའི་ཕྲེང་བ།

   དེ་ནས་གུར་ཞོག་ཏུ་ཕེབས་པས། བླ་མ་ཆེན་པོ་དང་འཁོར་རྣམས་ཀྱིས་བསུ་བ་མཛད། བླ་མའི་ཞལ་ནས་འདི་སྐད་གསུངས། བུ་སྔོན་ནས་ལས་འཕྲོ་ཡོད་པ་ཡིས།། སློབ་གཉེར་མཐའ་རུ་ཕྱིན་པ་དང་༌། །གཙང་མ་རབ་ཏུ་བྱུང་མཛད་ནས།།ལམ་ལ་བདེ་བར་སླེབས་སམ་གསུངས། །དེ་ཡང་ཐོས་བསམ་ལ་འབད་དགོས་པས།སྔར་ཡང་ཉན་བཤད་ཀྱི་སྲོལ་བྲུ་ཞུ་གཉིས་ཀྱིས་བཏོད་པ་ཡིན་ཏེ། ཉན་བཤད་ཐོས་པའི་གྲྭ་ཆེན་པོ་ཡང་མ་ཚུགས། ད་ཡང་རང་རེས་ཉན་བཤད་ཀྱི་གཉེར་འདི་འཛིན་དགོས་པས།གསུང་རབ་ཀྱི་གཞུང་འདི་རྣམས་ལ་འགྲེལ་དང་ཏི་ཀ་མཛད་དགོས་གསུངས་ནས། ལོ་གཅིག་ཁམས་ཆེན་ལ་གསུངས། དེ་ལ་ཉན་མཁན་ཕྱེད་དང་ལྔ་བརྒྱ་ཙམ་ཡོད་པ་ལ། སློབ་དཔོན་དཔལ་ཆེན་གྱིས་ཟུར་བཤད་མཛད། དེ་ནས་གཟེར་མིག་དང་གབ་པ་མཛོད་རྣམས་ཉིན་རེར་ཐུན་གསུམ་གསུམ་ཉན། ཕར་ལ་ཡང་ཐུན་གསུམ་གསུམ་བཤད། ཐུན་དྲུག་དྲུག་ལ་ཉན་བཤད་གཉིས་རེ་མཛད། དེ་ནས་བླ་མ་ཆེན་པོའི་ཞལ་ནས། ད་སློབ་དཔོན་རྩི་ཡིས་དབང་ཆེན་འདི་ཚར་གཅིག་ཤོད་གསུངས་པ་ལ། སློབ་དཔོན་རྩི་ཡིས་དབང་ཆེན་རྒྱས་བཤད་མང་བར་ཉན་ན་འོང༌། སློབ་དཔོན་དཔལ་ཆེན་ཙམ་ལ་བཤད་ཕེར་བ་ཙམ་མི་ཡོང་ལས་ཆེ་བས། བླ་མ་ཆེན་པོས་གསུངས་པར་ཞུ། ཞུས་པས། བླ་མ་ཆེན་པོས་དབང་ཆེན་དང་༌། ཐེག་ཆེན་རྣམ་དག་རྣམས་ལ་ཉིན་རེར་ཐུན་བཞི་བཞི་གསུངས། དེ་ནས་རི་ཁྲོད་པ་དཔོན་སློབ་ཕེབས་ནས་གབ་པ་དང་ལུང་ནོན་ཁུ་བྱུག་རྒྱུན་ཐག་རྣམས་ལ་དགུན་གཅིག་གསུངས་སོ། །ཁམས་ཆེན་དང་གཟེར་མིག་ལ་ལོ་གཅིག་གསུངས་སོ། །དེ་ནས་བླ་མ་ཆེན་པོའི་ཞལ་ནས་རང་རེ་སྔར་བྱང་གཏེར་གྱི་བདག་པོ་ཡིན་གསུངས་ནས། གཡུང་དྲུང་ས་འཕར་དང་དབལ་ཕུར་གྱི་སྐོར་རྣམས་མ་ལུས་པར་མཛད་ནས། དེ་ནས་སློབ་དཔོན་ཆེན་པོས་བླ་མའི་དྲུང་དུ་དམ་བཅས་ནས། ད་རུང་བོན་བཤད་དགོས་རྣམས་ཐང་གསུམ་ཀུན་ལ་ཉན་པ་དང༌། ཕར་ཉིན་རེ་ལ་ཐུན་མང་དུས་གསུམ་གསུམ། ཉུང་དུས་གཉིས་གཉིས། ཡེ་མ་ལྕོགས་ལ་རེ་རེ་མ་ཆད་པའི་དམ་བཅའ་བྱས། མཚན་ལྡན་བླ་མ་སྤྲུལ་སྐུ་ཆེན་པོ་ལས། །བརྒྱད་ཁྲི་བཞི་སྟོང་བོན་གྱི་སྒོ་མོ་ལ། །རྒྱུན་ཆད་མེད་པ་ཆུ་རྒྱུན་ལྟ་བུ་ཡིས། །ངོམས་པ་མེད་པར་ཐོས་བསམ་སྦྱངས་ལ་བསྟོད། །ཅེས་བྱ་བ་སྟེ་ཐོས་བསམ་རྒྱ་མཚོ་ལྟ་བུ་ལ་སྦྱངས་པའི་ལེའུ་སྟེ་དྲུག་པའོ།། །།

   དེ་ནས་སློབ་དཔོན་ཆེན་པོ་དཔོན་སློབ་ཉི་ཤུ་ཙམ་གྱིས་སྔར་གྱི་བླ་མ་ཆེན་པོའི་སྲོལ་ཡིན་པར། སྐྱིད་མཁར་སྔོ་ཕུག་ཏུ་བླ་མ་ལ་མཇལ་དུ་བྱོན། སྒྲོལ་བའི་ཞལ་ནས། ཁྱེད་ཐོས་པ་རྒྱ་མཚོ་ཙམ་ལ་མངའ་བསྙེམས་པ་ཡིན་པས། བོན་གསུང་དགོས་ཟེར་བ་ལ། སྲིད་པའི་མཛོད་ཕུགས་གསུངས་ནས་དགུན་ཐོག་གཅིག་བཞུགས།དེ་ནས་གཡས་རུ་བྲུའི་དྲུང་དུ་བྱོན་ནས། མཛོད་དང་མཚན་ཉིད་སྲིད་པའི་བོན་སྐོར་རྣམས་ཚུར་ཞུས་ནས་ཡར་ལ་བཤད། དེ་ནས་རི་ཁྲོད་པ་ཆེན་པོའི་དྲུང་དུ་བྱོན་ནས་ངོ་སྤྲོད་ཞུས་པ།རང་གི་སེམས་ཉིད་ལ་རང་གིས་བལྟ་རྟོགས་གྱིས་ཤིག་བལྟས་པ་རྙེད་རྒྱུ་མེད་ན། དེ་ཉིད་གནས་ལུགས་ཡིན་ནོ། །ཐོས་པ་བརྒྱ་བཤད་སྟོང་བཤད་ཀྱང༌། ཉོན་མོངས་ཀྱི་གཉེན་པོར་འགྲོ་བ་ཞིག་དགོས་སོ། །ཚིག་གི་ལོ་མ་མང་པོ་མ་རྟོགས་བཀྲོལ་ཕྱིར་ཡིན། །གྲོལ་ན་ཚིག་བོར་དོན་ལ་མི་བསྒོམ་པ། །སེམས་ཉིད་ས་ལེར་མེ་དཔུང་དཀྱིལ་དུ་མཆོང་༌། ཞེས་པ་ཁྱེད་རང་གི་ཐུགས་ལ་གསལ་མོ་ཡིན། གང་ཟག་དང་སྙིང་རྗེ་མ་བྲལ་བར་མཛོད་ཅིགྔེད་སྒོམ་ཆེན་པ་རྣམས་ལ་དེ་བས་ལབ་རྒྱུ་མེད་གསུངས་སོ། །ཁྱེད་སྟོན་པ་ཐོས་པ་སྦྱོང་མཁན་རྣམས་ཀྱང༌། ང་ལ་གྲྭ་པ་མང་པོ་དང་དགོན་པ་ལེགས་པོ་བྱུང་ན་བསམ་ནས།བཤད་པ་བཤད་མཁན་འདུག་པས། དེ་ལྟར་དུ་མ་སོང་བ་གཉེན་པོའི་ཐོག་ཁེལ་བ་ཞིག་མཛོད་གསུངས་སོ།། དག་སྣང་སྦྱངས་ཕྱིན་གྲྭ་ས་སྒྲུབ་གནས་སྐོར། །རྩ་བདར་གཅོད་ཕྱིར་ཉམས་བསྡུར་གསུང་གླེང་མཛད། །བྱར་མེད་ཚིག་ཆོད་ངོ་སྤྲོད་གདམས་པ་ཞུས། །ཁེ་གྲགས་ཆེ་འཆོས་མེད་ལ་ཕྱག་འཚལ་བསྟོད། །ཅེས་བྱ་སྟེ་གྲྭ་ས་སྒྲུབ་གནས་བསྐོར་བའི་ལེའུ་སྟེ་བདུན་པའོ། །

(སྤྱིའི་གཟིགས་གྲངས། 260 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཤེན་རབ་ཐུ…
error: རྩོམ་འདི་བདག་དབང་ཅན་ཡིན།