ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ནོར་བུའི་ཕྲེང་བ།

རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ནོར་བུའི་ཕྲེང་བ་ཞེས་བྱ་བ་སྐལ་ལྡན་དད་པའི་འཇུག་ངོགས་བཞུགས་སོ། །

རྩོམ་པ་པོ། སྤ་སྟོན་འོད་གསལ་རྒྱལ་མཚན།

༄༅། །ཨེ་མ་ཧོ། སྐུ་མཆོག་འཁྲུངས་དཀའ་ཨུད་དཔལ་ལྟ་བུ་ལ། །ཉིས་བརྒྱ་ལྔ་བཅུའི་ཟེའུ་འབྲུ་རབ་རྒྱས་ནས། །གོས་སེར་འཛིན་རྣམས་རབ་ཏུ་ཚིམ་མཛད་པ། །མཚན་དཔེ་རབ་ལྡན་སྐུ་ལ་ཕྱག་འཚལ་ལོ། །གསུང་མཆོག་བརྗོད་དཀའ་རྒྱ་མཚོ་ལྟ་བུ་ལ།།འཆད་རྩོད་རྩོམ་གསུམ་བདུད་རྩིའི་ཆར་རྒྱུན་གྱིས། །མ་རིག་འཁྲུལ་པའི་ཐ་བ་རླན་མཛད་པ། །ངེས་པའི་ཐོ་ཡིག་གསུང་ལ་ཕྱག་འཚལ་ལོ། །ཐུགས་མཆོག་བརྟག་དཀའ་ནམ་མཁའ་ལྟ་བུ་ལ། །མཐའ་བྲལ་དབུ་མ་ཉི་མའི་འོད་ཟེར་གྱིས། །

ལྟ་ངན་བདག་འཛིན་ཚོགས་རྣམས་འཇོམས་མཛད་པ། །ཀ་དག་སྤྲོས་བྲལ་ཐུགས་ལ་ཕྱག་འཚལ་ལོ། ། ༧་འདིར་ཕ་བོན་པོ་ཀུན་ལ་བཀའ་དྲིན་ཆེ་བའི། བོད་ཡུལ་མུན་པའི་སྨག་རུམ་སེལ་བ། གཡུང་དྲུང་བོན་གྱི་པནྚི་ཏ་ཆེན་པོ། རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་སྤྲུལ་པ་མཁས་པ་དཔལ་ཆེན་དེ་ཉིད་ཀྱི་རྣམ་པར་ཐར་པ་འཆད་པར་བྱེད་པ་ལ། ཡུལ་ནི་མི་བཅེད་འཇིག་རྟེན་དབུ་མའི་གནས།བོད་ཁ་བ་ཅན་གྱི་ལྗོངས། གཡས་རུ་ཤངས་ཀྱི་གུར་ཞོག་ཏུ་སྐུ་འཁྲུངས། གདུང་རུས་ནི་རུས་ཆེན་ལྡོང་ལ་ཐུག་རྨེའུ་ངམ་ལེན་སྐྱོལ་པོས་མི་རབས་ཀྱི་དབུ་བཟུང་༌། ཕུར་པའི་ལྷ་ཚོགས་ཀྱི་ཞལ་གཟིགས། གཡས་རུ་ཤངས་ཀྱི་ཤེལ་སྣང་དང་༌། བྲུད་ཀྱི་སྨན་མོ་གཡུ་རྩེ་མཁར་དུ་བཞུགས། དེ་སྲས་རྨེའུ་བདུད་འདུལ་བཙན་པོ་དང་༌། གཡུ་གཤེན་ཐོད་དཀར་གཉིས་ཕུར་པའི་གྲུབ་ཐོབ་ཡིན། གཡུ་གཤེན་ཐོད་དཀར་ཀྱི་སྲས་རྨེའུ་རྒྱལ་ལྷུན། དེ་སྲས་རྨེའུ་སྐྱིད་གསུམ། དེ་སྲས་རྨེའུ་སྟོང་ཚབ་དང་། པད་སྟོང་གཉིས་བྱུང་ངོ༌། །སྟོང་ཚབ་ཀྱི་སྲས་རྨེའུ་གདུང་ནག་ཅན་ནོ། །པད་སྟོང་གི་སྲས་དབང་གྲུབ་དང་༌། སྐྱབས་ཆུང་གཉིས་ཏེ།གཉིས་ཀའི་བརྒྱུད་ཆད་དོ། །རྨེའུ་གདུང་ནག་ཅན་ནི་ཕུར་པ་དང་གཉན་བྱ་ནག་གཉིས་ལ་གྲུབ་པ་ཐོབ་པས། གུར་ཞོག་པས་གདན་དྲངས་ནས། སེ་བ་འོད་དང་༌། རྨེའུ་གྲངས་གཉིས་ཀྱིས་ཡུལ་བཟུང་། རྨེའུ་སྤྱི་ལྷ་དྲོ་དཀར་པོ་ཟེར་བ་བྱུང་། གདུང་ཐུང་ཅན་ལ་སྲས་གསུམ་བྱུང་བ་ཆེ་བ་རྨེའུ་སྟོན་རྩེགས་གཙང་གཙུག་པ་ཡིན། བར་པ་རྨེའུ་རོག་དཔལ་དབལ་བོན་ཕུར་པ་ལ་གྲུབ་པ་ཐོབ་ནས། འཇུ་སྐེད་དམར་གྱི་བྲག་ལ་ཕུར་པ་གདབ་པས།ཀླུ་ཆེན་བྲན་དུ་འཁོལ་ནས། གུར་ཞོག་ཏུ་གྲུབ་རྟགས་ཆུ་མིག་བཏོན་པ་དེའོ། །ཆུང་བ་རྨེའུ་ཤག་བསྟན་རི་ཁྲོད་པའི་ཡབ་དེའོ། །རྨེའུ་རོག་དཔལ་དབལ་བོན་གྱི་སྲས་སྤྲུལ་སྐུ་ལྷ་རི་གཉེན་པོ་ཡིན། རྨེའུ་རོག་དཔལ་གྱི་སྐུའི་སྲས། ཁྲོ་ཚང་འབྲུག་ལྷའི་གསུང་གི་སྲས། ཡེ་གཤེན་གཙུག་ཕུད་ཀྱི་ཐུགས་ཀྱི་སྲས། བསྟན་པ་ཕྱི་དར་གྱི་བོན་པོ་ཡིན། ཟེར་བ་ལ། རྨེའུ་སྟོན་སྒོམ་གཉིས་ལས་བཀའ་དྲིན་ཆེ་བ་མེད་དེ། སངས་རྒྱས་རྒྱུད་འཛིན་བསྟན་པའི་རུ་དར་ཕྱར། །འགྲོ་དྲུག་སེམས་ཅན་ཐར་པར་འདྲེན་པའི་དཔལ། །རྨེའུ་བརྒྱུད་པ་རྣམས་ལ་གུས་པས་བསྟོད། །ཅེས་བྱ་སྟེ་བརྒྱུད་དང་ཡབ་ཡུམ་གྱི་ལེའུ་སྟེ་དང་པོའོ།། །།

(སྤྱིའི་གཟིགས་གྲངས། 260 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཤེན་རབ་ཐུ…
error: རྩོམ་འདི་བདག་དབང་ཅན་ཡིན།