ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁམས་བསྡུད་ཚིགས་སུ་བཅད་པ།

གསལ་ཞིང་འབྲས་བུ་དག་པ་རྙེད། ཀླུ་དང་བྱོལ་སོང་ངན་འགྲོ་བསོད་ནམས་ཆུང༌། དེ་ཡི་གོང་དུ་བསོད་ཆེ་རིག་གསལ་བ། བདེ་འགྲོ་འཇིག་རྟེན་འདིར་བྱུང་འབྱུང་བར་འགྱུར། མོས་སྤྱོད་ས་བཞིའི་བསོད་ནམས་མི་འཆང་ཞིང༌། རིག་པ་མ་གཡོས་གསལ་བར་གནས་པ་ཡོད། དེ་ཡི་གོང་ནས་ས་བཅུ་རིམ་གནས་ཏེ། དེ་ནི་གཡུང་དྲུང་བོན་ལ་མི་དམིགས་གནས། མྱ་ངན་འདས་པའི་དོན་གྱི་བླ་མེད་ཕྱིན། གཡུང་དྲུང་ས་ལ་གནས་པའི་འབྲས་བུ་ཆེ། མོས་སྤྱོད་ས་གནས་འབྲས་བུའི་དབང་ཆེའོ། སྐྱེ་མཆེད་མུ་བཞི་འབྲས་བུའི་ཡུལ་ཆེའོ། གཟུགས་ཁམས་འབྲས་བུ་དག་པའི་གཟུགས་ཆེའོ། འདོད་ལྟ་འབྲས་བུ་དག་པའི་ལོངས་སྤྱོད་ཆེ། གླིང་བཞིའི་མི་ནི་འབྲས་བུ་ཚོགས་ཆེའོ། འབྲས་བུ་འདོད་ན་སེམས་སྤྱོད་ཟབ་མོ་སྤྱོད། སེམས་སྤྱོད་ཟབ་མོ་ཅི་ལྟར་སྤྱད་ཅེ་ན། གང་ཞིག་ཟབ་མོའི་སྤྱོད་ལ་འཇུག་པའི་ཚེ། བོན་རྣམས་མི་རྟོག་བོན་ལ་བོན་མིན་རྟོག མཚན་མ་མཚན་མེད་གང་ཡང་མ་བརྟགས་ན། བླ་མེད་རྫོགས་པའི་འབྲས་བུ་འཐོབ་པར་འགྱུར། འཁོར་འདས་གང་ཡང་ཡོངས་སུ་མ་བརྟགས་ན། རིག་ཤར་དགོངས་པ་ཅི་ལ་མཛད་ཅེ་ན། གཟུགས་དགོངས་མི་མཛད་གཟུགས་ལ་དགོངས་མི་མཛད། གཟུགས་ཀྱི་དགོང་པ་ཅིར་ཡང་མི་མཛད་དོ། ཅིའི་ཕྱིར་ཞེ་ན་དགོངས་པ་གཟའ་གཏད་མེད། བོན་དང་བོན་མིན་གང་ཡང་མི་དམིགས་ཀྱི། དམིགས་མེད་དགོངས་པ་ནམ་མཁའ་དང་མཉམ་མོ། འཁོར་འདས་བོན་དང་འཁོར་འདས་བོན་མ་ཡིན། གང་ཡང་མི་དམིགས་དགོང་པ་ནམ་མཁའ་འདྲ། ནམ་མཁའི་རང་བཞིན་བརྟག་ཏུ་མེད་པའི་ཕྱིར། འཁོར་འདས་རང་བཞིན་བརྟག་ཏུ་མེད་པ་དང༌། རིག་པ་ཤར་བའི་རང་བཞིན་བརྟག་མེད་ལ། གཉིས་མེད་དབྱེར་མེད་སོ་སོ་ཐ་མི་དད། རིག་པའི་ཡེ་ཤེས་བརྟག་ཏུ་མེད་པ་སྟེ། ཐམས་ཅད་དངོས་པོ་མེད་པ་མཁྱེན་ཕྱིར་རོ། རིག་པའི་ཡེ་ཤེས་ཀུན་ཁྱབ་དཔག་མེད་དང༌། ཟད་མེད་མུ་མེད་འབྱམས་ཡས་རྒྱ་མ་ཆད། མཚན་མ་མེད་དང་གཟའ་གཏད་མེད་པ་དང༌། བརྩལ་མེད་མཚོན་མེད་ཐོག་དང་ཐ་མ་མེད། ཡེ་ཤེས་སྟོང་པའི་རང་བཞིན་ཅན་ལགས་སོ། དེ་ནི་བོན་རྣམས་ནམ་མཁའ་ལྟ་བུ་སྟེ། སྟོང་པའི་རང་བཞིན་བདག་མེད་མཁྱེན་ཕྱིར་རོ། རིག་པའི་ཡེ་ཤེས་སྐྱེ་མེད་འགག་མེད་དང༌། དཔྱོད་མེད་སྤོང་མེད་སྒྲིབ་མེད་ཀུན་འབྱུང་དང༌། ཡེངས་མེད་མངོན་སུམ་གསལ་ལ་རང་བཞིན་མེད། རིག་པ་གདེང་གྱུར་མ་བཅོས་མི་འགྱུར་པ། དེ་ནི་བོན་རྣམས་ནམ་མཁའ་ལྟ་བུ་སྟེ། གསལ་ལ་རང་བཞིན་མེད་པ་མཁྱེན་ཕྱིར་རོ། རིག་པའི་ཡེ་ཤེས་སྐྱེ་ཞིང་སྤྲོས་མེད་དང༌། གཉིས་མེད་དམིགས་མེད་བསྒོམ་མེད་སྐྱེ་འཆི་མེད། སྤོང་ལེན་མེད་དང་སྤྲོ་བསྡུ་མེད་པ་དང༌། ལྷག་མཐོང་མཚན་མ་གང་མེད་ཡི་གེ་མེད། གཟའ་གཏད་མེད་དང་གཡོ་བ་མ་མཆིས་སོ། དེ་ནི་བོན་རྣམས་ནམ་མཁའ་ལྟ་བུ་སྟེ། མ་གཡོས་མཉམ་པའི་རང་བཞིན་མཁྱེན་ཕྱིར་རོ། །རིག་པའི་ཡེ་ཤེས་མ་འདྲེས་དགེ་སྡིག་དང༌། འཇུག་སྒོ་ཁྱད་པར་འཁྲུལ་པ་མ་མཆིས་སོ། ཆོ་འཕྲུལ་སྐུ་དང་མ་ཡིན་མི་བསླུ་དང༌། ཡང་དག་རིག་པའི་འཕྲིན་ལས་སོ་སོ་དང༌། ལམ་གནས་འབྲས་བུ་ཡང་དག་བསྒྲུབ་འཚལ་ལོ། དེ་ནི་བོན་རྣམས་ནམ་མཁའ་ལྟ་བུ་སྟེ། འབྲས་བུ་སོ་སོར་གསལ་བར་མཁྱེན་ཕྱིར་རོ། རིག་པའི་ཡེ་ཤེས་བདག་དོན་གཞན་དོན་དང༌། བདེན་པ་རྟོགས་དང་མི་དམིགས་ཏིང་འཛིན་དང༌། འཆོར་བ་མེད་དང་འཁྲུལ་བ་མེད་པ་དང༌། ཆགས་མེད་སྲུང་མེད་སྦྱོང་དུ་མེད་པ་དང༌། རྩོལ་མེད་རིག་པ་གདེང་དུ་གྱུར་པ་དང༌། གསལ་ལ་བརྟག་མེད་ནན་ཏན་མཁྱེན་ཕྱིར་རོ། རང་རིག་ཡེ་ཤེས་གང་དང་མ་བྲལ་ཏེ། ནམ་མཁའ་ལྟ་བུར་འབྲལ་མེད་མཁྱེན་ཕྱིར་རོ། མུན་མེད་འོད་ལྡན་མི་སྐྱེ་ལྷུན་ལ་གནས། སྣང་སྲིད་ཁྱབ་ལ་མཚན་མ་རྡུལ་ཡང་མེད། སྒྲོ་བསྐུར་མཐའ་འདས་ཡོན་ཏན་མ་འགགས་པའི། ས་ལ་འགྱུར་མེད་འཛིན་ཅིང་ཆགས་པ་མེད།

(སྤྱིའི་གཟིགས་གྲངས། 410 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །སྲིད་…
error: རྩོམ་འདི་བདག་དབང་ཅན་ཡིན།