ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བྱམས་མ་ཆེན་མོ་རྩ་བའི་འབུམ།

གཡུང་དྲུང་སྲིད་གསུམ་ཕྱག་རྒྱའི་བདག འགྱུར་བ་མེད་དེ་དགེ་བའི་གཞི་འགྲམ་བཟང༌། གཡུང་དྲུང་ཐོབ་སྟེ་བོན་ལ་སྐལ་པར་སྤྱད། སྲིད་གསུམ་འདུལ་སྟེ་དགེ་བཅུ་ཚད་མར་ཡོད། ཕྱག་རྒྱའི་བདག་སྟེ་བཀའ་རྟགས་བཞི་ཡིས་ཟིན། དེ་ལྟ་བུའི་ཡུམ་ཆེན་མོ་འདི་ནི། རྫོགས་ལྡན་དུས་སུ་ཕྱག་རྒྱའི་བདག་མོ་མཛད་པས། དགེ་བཅུ་ཚད་མར་འབྱུང་སྟེ། རྣམ་པར་དག་སྟེ་སྡིག་སྒྲིབ་སྐྱོན་མི་གོས། རྒྱ་ཆེ་འགྱུར་ཏེ་སེམས་ཅན་ཡོངས་ལ་འཕེལ། སྤྱད་པར་ནུས་ཏེ་སྐལ་ལྡན་ཡོངས་སུ་ཚོགས་པ་མདོ་སྡེ་བར་འགྱུར་རོ། །དེ་ནས་རྒྱལ་པོ་རང་སེམས་ཞི་བདེ་འདུལ་བ་ནི། དགེ་བའི་རྩ་བ་དེ་དག་ཆེར་སྤྱད་པས། དགེ་བ་འཕར་ཏེ་སེམས་ཅན་མ་ལུས་ཀུན། ཐམས་ཅད་རྒྱལ་པོ་རང་གིས་སེམས་ཡིན་པས། ཞི་བས་མི་མཐུན་རྩོད་འཁྲུག་བཅུ་དྲུག་མེད། བདེ་བས་སྡུག་བསྔལ་བརྒྱ་དང་ཉི་ཤུ་སྤངས། དུལ་བས་གཡུང་དྲུང་བོན་གྱི་དོན་དང་ལྡན། འདི་ནི་ཡ་ཐོག་དུས་སུ་ཀུན་ལ་རྫོགས། རྒྱས་པར་འབུམ་ལེའུ་གནས་སུ་ཤེས་པར་བྱ། དེའི་ལྷ་ནི་སངས་པོ་འབུམ་ཁྲིའི་གསུང་གི་ལྕམ་མོ་གཡུང་དྲུང་སྲིད་གསུམ་ཡུམ་གྱི་མངའ་མཛད་པའི། སྲིད་པ་མི་འགྱུར་གཡུང་དྲུང་བདུད་ལ་རྒྱལ་ཞེས་སོ། །ཡེ་སངས་རྒྱས་པའི་ལྷ་མོ་སྲིད་པའི་ཡུམ་དུ་སྤྲུལ་ཏེ། འགྱུར་མེད་གཡུང་དྲུང་ངང་དང་ལྡན་པའི། ནག་པོ་བདུད་ལ་རྒྱལ་བར་མཛད་པ་ནི། རྣམ་ཐར་ཞི་བའི་ཐེག་པ་ཞེས་བྱའོ། །དེས་ན་ཐམས་ཅད་སངས་རྒྱས་ཐོབ་པར་བསྔོ་བ་ནི། དེ་ནས་མི་དགེ་བ་བཅུ་སྤང༌། དགེ་བ་བཅུ་སྤྱད། རང་སེམས་ཡོངས་སུ་དུལ་བས། མཐའ་ཡས་པའི་སེམས་ཅན་ཐམས་ཅད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་བསྔོ་བ་ནི། བསྔོ་རྒྱུ་དགེ་བ། བསྔོ་ཡུལ་སངས་རྒྱས། བསྔོ་མཁན་གཤེན་རབ། བསྔོ་གནས་སེམས་ཅན། བསྔོ་ཚུལ་སྨོན་ལམ། བསྔོ་ཐབས་ཆོ་ག་དང་བཅས་པས། སྐྱེ་བ་མེད་པར་བསྔོ་བའོ། །དེ་ནི་ཐམས་ཅད་ཡོངས་ཟད་པ་མེད་པའི་གཏེར་དང་འཕྲད་པར་འགྱུར་པས། དེ་དག་ཡོངས་སུ་དག་པ་ཆེན་པོའི་ལྷ་མོར་བསྟན་པ། སངས་པོ་འབུམ་ཁྲི་ཐུགས་ཀྱི་ལྕམ་མོོ་ཡེ་ཤེས་ལྷ་མོ་ཞེས་བྱ་བས་མཛད་པས་ན། དེའི་སྐུ་གསུང་ཐུགས་ཀྱི་ཆེ་བ་ནི། གསལ་བ་ཡེ་ཤེས་མ་བསྒྲིབས་མཁའ་ལ་ཤར་ཅེས་བྱའོ། །དེ་ལ་གསལ་བ་ནི་རྟེན་སྐུ་གསུང་ཐུགས་ཀྱི་ཡང་དག་པའི་དཀྱིལ་འཁོར་དུ་གསལ་བས། ཡེ་ཤེས་ཀྱི་ཚོགས་ལྔ་པོ་དེ། རྟེན་པར་གནས་པའི་ཆེ་བས། དགེ་བའི་རྩ་བ་ཐམས་ཅད་དུས་དང༌། ཚེ་དང༌། ལས་གང་གིས་ཀྱང་མ་བསྒྲིབས་པར། མཁའ་ལ་ཉི་མ་ཤར་བ་བཞིན་དུ་དུས་གཅིག་ལ་སྨིན་པ་ནི། རྫོགས་ལྡན་འཇོག་༼བཀའ་འགྱུར་གྱི་འབུམ་ལྔའི་ནང་འཇོམས་པ་ཞེས་འདུག༽ པ་ཐབས་ཀྱི་བདེ་བ་ཆེན་པོའོ། །དེ་ལྟར་དགེ་རྒྱས་ཚོགས་ཆེན་རྫོགས་པའི་འབུམ་སྡེ་ལས། ཡང་སྙིང་ཚིག་བཞི་ཚིགས་སུ་བཅད་པ་གཅིག་ཏུ་བཤད་པ་ལས། བྱམས་མ་རྩ་བའི་ལྷ་དང་སྤྲད་ནས་བཤད་པའོ། །བྱམས་མ་ཆེན་མོ་རྩ་བའི་འབུམ་ལས། དགེ་རྒྱས་འབུམ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།

(སྤྱིའི་གཟིགས་གྲངས། 671 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྨེའུ་མཁས་…
error: རྩོམ་འདི་བདག་དབང་ཅན་ཡིན།