ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བྱམས་མ་ཆེན་མོ་རྩ་བའི་འབུམ།

གསུམ་ཡོད་པ། སེམས་ཅན་ལ་དམིགས་སྙིང་རྗེ་ནི། དམྱལ་བ་ཡི་དྭགས་བྱོལ་སོང་སོགས། སྡུག་བསྔལ་མྱོང་བ་ཐམས་ཅད་ཀུན། རང་གི་དྲིན་ཅན་མ་གྱུར་མེད། འདི་དག་ལ་དམིགས་སྙིང་རེ་རྗེ། དེ་དོན་བྱང་ཆུབ་ཆེན་པོ་བྱ། རྐྱེན་ལ་དམིགས་པའི་སྙིང་རྗེ་ནི། བོན་རྣམས་རང་བཞིན་བདེན་མེད་ལ། དེ་དོན་མ་རྟོགས་དགྲ་དང་བགེགས། འབད་རྩོལ་བྱས་ནས་གནོད་བྱས་པས། རང་ལ་རང་གིས་རྔན་བགྲང་ཡིན། མ་རྟོགས་པ་འདི་སྙིང་རེ་རྗེ། མི་དམིགས་པ་ཡི་སྙིང་རྗེ་ནི། ཡེ་གཤེན་དགོངས་པ་སྤྲོས་བྲལ་ངང༌། རང་རིག་རྟོགས་པའི་ནུས་མཐུ་ཡི། མ་རིག་ལོག་རྟོག་འགྲོ་བ་ལ། ཚད་མེད་སྙིང་རྗེ་བདལ་པར་འགྱུར། རྒྱས་པ་རྒྱ་ཆེའི་འབུམ་དུ་ལྟོས། འདིར་རྟོགས་སྙིང་རྗེ་བྱམས་གཉིས་བསྐྱེད། བྱམས་བྱས་རང་གཞན་དགའ་བར་འགྱུར། དགའ་འགུ་བཏང་སྙོམས་ཆེན་པོ་འཆར། ཚད་མེད་གཅིག་གི་གཅིག་བསྐྱེད་འབྱུང༌།  དེ་ནས་ཚིགས་བཅད་བཞི་པའི་དོན། ཐབས་ནི་ཕ་རོལ་ཕྱིན་བཅུ་སྤྱོད། འདི་དོན་གསལ་བར་བསྟན་པ་ནི། དམིགས་མེད་སྦྱིན་པ་མ་གོད་ཡོངས་ལ་ཁྱབ། རྩ་བ་སེམས་ནི་དམིགས་པ་མེད་ལ་བརྟེན། བོན་དང་ཟང་ཟིང་ལུས་སྲོག་ཐམས་ཅད་སྦྱིན། གཉིས་འཛིན་རྗེས་འཛིན་བྲལ་བས་མ་གོད་པ། སེར་སྣ་མེད་ཅིང་མི་འཇིགས་ཆེན་པོར་ཁྱབ། མི་གཡོ་མི་འཁྲུགས་སྤྱོད་ཚུལ་ཁྲིམས་དང་ལྡན། སེམས་བཟང་མི་གཡོ་ཡན་ལག་བསམ་པས་ཟིན། རྟོགས་བཟང་མི་འཁྲུལ་དཔའ་ཞིང་༼བཀའ་འགྱུར་གྱི་འབུམ་ལྔའི་ནང༌། རྟེན་བཟང་མི་འཁྲུག་མཛེས་ཤིང་བརྟན་པ་སྟེ། ཞེས་པ་འདུག༽བརྟན་པ་སྟེ། སྤྱོད་མཛེས་ཚུལ་བཟང་ཁྲིམས་ཐུབ་ཡོན་ཏན་ལྡན། བདེ་ལྡན་བཟོད་པ་འགོགས་པའི་བྱུང་ཚོར་མེད། རང་གཞན་གཉིས་ཀ་བདེ་བ་ལྡན་པར་ནུས། གཞན་གྱི་གནོད་འགལ་དང་བླང་བཟོད་པ་སྟེ། བོན་རྣམས་རང་བཞིན་མེད་རྟོགས་བྱུང་ཚོར་འགོག ཐོགས་མེད་བརྩོན་འགྲུས་གསལ་འཁྱུག་འོད་དང་ལྡན། དགེ་རྣམས་ཡང་དག་ཐོགས་པ་མེད་པར་འགྲུབ། བསླབ་པ་གསུམ་ལྡན་ཡོན་ཏན་གསལ་བར་བྱེད། ཉོན་མོངས་གསལ་ཞིང་འགྲོ་སྒྲོལ་འདི་བཞིན་ནོ། །འགྱུར་མེད་ཏིང་འཛིན་གཡུང་དྲུང་བསམ་གཏན་མཆོག ནང་གི་སེམས་ཉིད་གཡོ་འཁྲུགས་འགྱུར་བ་མེད། བརྩོན་པས་ཏིང་འཛིན་རབ་ཞི་གཡུང་དྲུང་ལྟར། བོན་གྱི་སྙིང་པོ་བསམ་གཏན་ཐེག་པའི་མཆོག རྒྱུ་ལྔའི་བླ་མེད་ལྔ་རྫོགས་འབྲས་བུ་ལྔ། མ་རྩལ་ལྷུན་གྲུབ་རྩལ་ཆེན་སྟོབས་དང་ལྡན། སྔར་སྦྱངས་ལྔས་འཕངས་རང་ལ་རྩོལ་མེད་ཡོད། ལྷུན་གྲུབ་སྐུ་དང་ཞིང་ཁམས་བསམ་ཡས་འགྱེད། རྩལ་ཆེན་སྟོབས་ལྡན་འགྲོ་བ་མ་ལུས་འདུལ། དགེ་རྒྱས་ཡུམ་ཆེན་སྲིད་པའི་རྒྱལ་པོ་ཡིན། དོགས་མེད་སྨོན་ལམ་མི་འགྱུར་རེ་དོགས་མེད། ཉོན་མོངས་གཞི་བཅོམ་དོགས་པའི་མཐའ་དང་བྲལ། སྨོན་ལམ་རྣམ་དག་ཡེ་ཤེས་ལྔ་དང་ལྡན། མི་འགྱུར་བརྟན་ཐོབ་ཡང་དག་ས་ལ་གནས། རྣམ་དག་ཡུམ་ཆེན་གནམ་ཕྱི་གུང་རྒྱལ་ཡིན། ཐུགས་རྗེའི་གཙོ་མོ་ཐུགས་རྗེའི་བདག་ཉིད་ཅན། ཐུགས་རྗེ་ཚད་མེད་བཞི་ལྡན་འགྲོ་ལ་བསྟན། གཙོ་མོ་ཡུམ་ཆེན་སེམས་ཅན་དོན་ལ་དགོངས། ཐུགས་རྗེའི་བདག་ཉིད་སེམས་ཅན་གཞན་ཕྱིར་གནས། ཡེ་གཤེན་ཡུམ་ཆེན་ཐུགས་རྗེ་བྱམས་མ་ཡིན། མ་ཆགས་པད་མ་གཉིས་མེད་ཐབས་དང་ལྡན། མ་ཆགས་ཚོགས་ལམ་དོན་བཞིན་སྦྱོར་ལམ་གསལ། གཉིས་མེད་མཐོང་ལམ་དོན་སྟོན་ཐབས་ལྡན་བསྒོམས། ལམ་ལྔའི་བདག་ཉིད་ཐབས་ཀྱི་བྱམས་མ་ཡིན། ཤེས་རབ་གསལ་བ་ཀུན་གྱི་ཡུམ་གཅིག་མ། གཙོ་མོ་ཤེས་རབ་རྒྱལ་པོ་དྲི་མ་མེད། གསལ་བའི་ཡེ་ཤེས་ཅི་ལྟར་ཇི་སྙེད་མཁྱེན། ཀུན་གྱི་ཡུམ་གཅིག་སྙིང་རྗེའི་བདག་ཉིད་མ། འདི་ལྡན་ཐེག་པ་ཆེན་པོ་བླ་མེད་དེ། མ་རྟོགས་བདུད་དང་ལོག་རྟོག་མུ་སྟེགས་པ། ཐེ་ཚོམ་ཐེག་དམན་མ་ལུས་བཤིགས་བྱེད་པའི། རྟགས་དང་མཚན་མ་སེང་གེའི་ང་རོ་ཡིས། འཁྲུལ་པའི་ལྟ་བ་ཀུན་འཇོམས་བླ་ན་མེད། ཡང་རྩེ་འདི་ཐོས་བླ་མེད་ཤེས་ནུས་༼བཀའ་འགྱུར་གྱི་འབུམ་ལྔའི་ནང་བླ་སྟེ་ཤེས་ནུས་མིན། ཞེས་འདུག༽ཡིན། ཡེ་གཤེན་ཀུན་སྤྱོད་ཀུན་འདུས་འབུམ་བཞིན་ནོ། །དེ་ལྟར་ཕ་རོལ་དུ་ཕྱིན་པ་བཅུ་པོ་ལ་ཡང༌། ཡུམ་བཅུའི་སྐུ་དང༌། བོན་དང༌། ཡེ་ཤེས་རྩལ་སྟོབས་བླ་མེད་དཔག་ཏུ་མེད། འདིར་ནི་ཉམས་ལེན་གྲུབ་མཐའི་མདོ་ཙམ་བསྟན་པའོ། ། རྒྱས་པ་རྒྱ་ཆེ་བའི་འབུམ་དུ་བསྟན་པ་ཡིན་ནོ། །བྱམས་མ་ཆེན་མོ་རྩ་འབུམ་ལས། ཡེ་གཤེན་བཀོད་པ་དོན་གྱི་འབུམ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།

(སྤྱིའི་གཟིགས་གྲངས། 671 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྨེའུ་མཁས་…
error: རྩོམ་འདི་བདག་དབང་ཅན་ཡིན།