ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བྱམས་མ་ཆེན་མོ་རྩ་བའི་འབུམ།

     དེ་ནི་སྟོན་པ་གཤེན་རབ་མི་བོ་ཡི། ཡེ་གཤེན་ཆེན་པོ་རྩལ་སྟོབས་སེང་གེའི་ཤུགས་ཅན་ལ་བཀའ་རྩལ་པ། དུས་གསུམ་རྒྱལ་བའི་ཡུམ་ཆེན་མོ། བདེ་བར་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས། བྱམས་མ་ཆེན་མོ་འདི་ནི་གཡུང་དྲུང་སེམས་དཔའ་ཆེན་པོ་རྣམས་ཀྱི་སྣང་བ་ལ། ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པའི་ཡུམ་དུ་བསྟན་ནས། ཁམས་ཆེན་པོ་བརྒྱད་གཏན་ལ་ཕབ་པའི་ལྷ་མོ་མཛད་པས། དེའི་དོན་ཡོངས་སུ་བསྡུས་ནས། འཆད་པ་ནི། རྟོགས་པར་བྱ་བ་གྲུབ་མཐའི་དོན་ནི་འདི་ཡིན་ཏེ། ཚིག་བཞི་ཚིགས་སུ་བཅད་པ་གཅིག་གིས་རྟོགས་ནས་རབ་མཆོག་རྒྱལ་བ་ཡིན་ཏེ། དེ་ནས་ཁམས་བརྒྱད་ཚིགས་སུ་བཅད་པ་གཅིག་ཏུ་བདག་གིས་བསྟན། ཚིག་གི་ལོ་མ་མང་པོ་མ་རྟོགས་བསྟན་ཕྱིར་ཡིན། དེ་དོན་ཁམས་བརྒྱད་རྒྱས་པའི་འབུམ་དུ་ཕྱེ་ནས་བཤད། རྟོགས་ནས་དོན་བཞིན་བྱས་ནས་འབྲས་བུ་མྱུར་དུ་ཐོབ། དེ་ཕྱིར་བྱམས་མ་རྩ་བའི་འབུམ་དུ་བསྡུས་ནས་བཤད་པ་ནི། དེ་ལ་དང་པོ་ཡི་གེའི་ཚོགས་ཀ་ལ་སོགས་པའོ། །ཡི་གེ་འདུས་པ་ལ་མིང་བྱུང་བས། ཚིག་བར་གཅིག་ནི་མིང་གི་ཚོགས་སོ། །མིང་འདུས་པ་ལས་ཚིག་བྱུང་བས། ཤད་བར་གཅིག་དག་ཚིག་གི་ཚོགས་སོ། །ཚིག་འདུས་པ་ལས་ཚིགས་བཅད་འབྱུང་བས། ཤད་བར་བཞི་ནི་ཚིགས་སུ་བཅད་པ་གཅིག་གོ། ཚིགས་སུ་བཅད་པ་གཅིག་ཏུ་ཁམས་བརྒྱད་བསྟན་པ་ནི་འདི་ལྟར་ཏེ། མི་སྐྱེ་མི་འགག་ནམ་མཁའི་རང་བཞིན་ཅན། ཤེས་རབ་གསལ་བ་ཀུན་གྱི་ཡུམ་གཅིག་མ། སྐྱེ་མེད་དབྱིངས་ནས་གསལ་བའི་འོད་ཕྱུང་ཞིང༌། ཐམས་ཅད་ཐུགས་རྗེའི་མགོན་དུ་གྱུར་པ་མོ། དེ་དོན་གསལ་བར་བཤད་ན་དོན་དགུ་སྟེ། ཚིག་དང་དོན་ལ་ཁམས་དང་སྐུ། རྒྱུ་དང་འབྲས་བུ་མཐར་འབྲེལ་པ། ལེའུ་དགུ་རུ་ཤེས་པར་བྱའོ། །དེ་ལ་དང་པོ་ཚིག་ནི། མི་སྐྱེ་མི་འགག་པའོ། །དོན་ནི་སྐྱེ་བ་མེད་པ་གདོད་ནས་དག་པའོ། །ཁམས་ནི་ཡོངས་སུ་སྲིད་པའི་ཁམས་སྟོན་པའོ། །སྐུ་ནི་བོན་གྱི་སྐུ་བྷ་ཞིག་བསྟན་པའོ། །རྒྱུ་གཉིས་ལས་གནས་འགྱུར་གྱི་རྒྱུ་ནི་ཀུན་གཞི་རྣམ་པར་ཤེས་པའོ། །ངོ་བོའི་རྒྱུ་ནི་ཡེ་ཤེས་ཀྱི་ཚོགས་ཁོ་ནའོ། །འབྲས་བུ་ནི་ལྟ་བ་རྣམ་པར་དག་པའོ། །མཐའ་ནི་སྲིད་པར་བསྟན་པ། སྐྱེ་བའི་མཐའ་ཡོད་དམ་ཞེ་ན། མི་སྐྱེ་མི་འགག་ཅེས་པ། སྐྱེ་བའི་མཐའ་དང་བྲལ་བར་བསྟན་པའོ། །འབྲེལ་བ་གཉིས་ལས་ཚིག་གི་འབྲེལ་བ་ནི། མི་སྐྱེ་མི་འགག་ནམ་མཁའི་རང་བཞིན་ཅན། ཞེས་སྲིད་ཁམས་རྒྱུན་ཁམས་གཉིས་ཚིག་གཅིག་གིས་བསྡུས་པའོ། །དོན་གྱི་འབྲེལ་བ་ནི། ཁམས་དེ་གཉིས་ཀ་བོན་གྱི་སྐུར་ཤས་ཆེར་སྟོན་པའོ། །བོན་སྐུ་སྟོན་པ་ལ། སྲིད་པ་ལས་སོགས་པས་མི་རིགས་སེམས་ཅན་ནི། སྲིད་པ་ཐམས་ཅད་ཡེ་ནས་སྟོང་པ་སྟེ། རྣམ་པར་དཔྱད་ན་རྟག་པའི་དངོས་པོ་མེད། མི་རྟག་སྟོང་པའི་ངང་ལ་གནས་པས་སུ། ཐམས་ཅད་མི་སྐྱེ་མི་འགག་བོན་གྱི་སྐུ། འཁྲུལ་པའི་དངོས་པོ་འབྱུང་རྟོག་གཟུགས་བརྙན་ཅན། སྣང་ཡང་དོན་དུ་གྲུབ་པར་ངས་མ་གསུངས། དེས་ན་སྲིད་ཁམས་ལེའུ་དོན་གསུམ་སྟེ། མི་སྐྱེ་བའི་གཞི་བསྟན་པ་དང༌། ལེའུ་གཉིས་ནི། གླེང་གཞི་དང་སེམས་དཔའི་སྤྱོད་པ་བསྟན་པའོ། །མི་སྐྱེ་བ་དངོས་སུ་བསྟན་པའི་ལེའུ་གསུམ་ནི། མཚན་མ་མེད་པ་དང༌། འཁྲུལ་རྗེས་མི་རྟོག་པ་དང༌། གཉིས་མེད་དོན་ལ་ལྷུན་གྱིས་གྲུབ་པའོ། །མི་འགག་པར་བསྟན་པའི་ལེའུ་གསུམ་ནི། ནམ་མཁའ་དག་པ་ལ་ཆར་བྱུང་ཡང༌། ནམ་མཁའ་འགག་པར་མི་ནུས་པ་བཞིན་དུ༌། གོང་གི་མི་སྐྱེ་བ་ལས་རྒྱུར་བསྟན་ཀྱང༌། མི་སྐྱེ་བ་ལ་འགག་པ་མེད་པས། ཁམས་བརྒྱད་ཀྱི་རྒྱུ་དང་འཁོར་བའི་རྒྱུ་དང༌། མྱ་ངན་ལས་འདས་པའི་རྒྱུ་ཅི་ལས་བྱུང་བར་བསྟན་པའོ། །བྱམས་མ་ཆེན་མོོ་རྩ་བའི་འབུམ་ལས།  སྲིད་པའི་ཁམས་མི་སྐྱེ་མི་འགག་བསྟན་པའི་ལེའུ་སྟེ། གསུམ་པའོ།། །།

(སྤྱིའི་གཟིགས་གྲངས། 671 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྨེའུ་མཁས་…
error: རྩོམ་འདི་བདག་དབང་ཅན་ཡིན།