ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བྱམས་མ་ཆེན་མོ་རྩ་བའི་འབུམ།

   དེ་ནས་རིག་པའི་ཁམས་ལ་དོན་དགུས་བསྟན་པ་ནི། དང་པོ་ཚིག་ནི་གསལ་བའི་འོད་ཕྱུང་ཞིང་ངོ༌། །དོན་ནི་བོན་ཐམས་ཅད་དམིགས་པའི་ཡུལ་ལས་འདས་པའོ། །ཁམས་ནི། ཀླུ་མོ་རིག་པའི་ཁམས་སོ། །སྐུ་ནི་སྤྲུལ་པའི་སྐུའི་རྟོགས་པའི་ཡེ་ཤེས་སོ། །རྒྱུ་དང་འབྲས་བུ་ནི་སོ་སོའི་ཁམས་དང་མཐུན། མཐའ་ནི་རིག་པར་བསྟན་ནས་བསྡུས་པ་དོན་གཅིག་གི་མཐའ་ཡོད་དམ་ཞེ་ན། གསལ་བ་འོད་ཕྱུང་ཞིང་ཞེས་པས། བསྡུས་པའི་དོན་གཅིག་གི་མཐའ་དང་བྲལ་བའོ། །འབྲེལ་བ་གཉིས་ལས། ཚིག་ནི་གོང་དུ་བསྟན། དོན་གྱི་འབྲེལ་བ་སོ་སོ་རིག་པའི་ཁམས་གཉིས། ཐབས་དང་ཤེས་རབ་ཏུ་འབྲེལ་བ་སྟེ། སོ་སོའི་ཁམས་ནས་ཐབས་སྤང་བླང་དུ་བསྟན་ནས། རིག་པའི་ཁམས་ནས་ཤེས་རབ་རང་རིག་པའི་ཡེ་ཤེས་སུ་སྟོན་ནོ། །དེ་ནས་རིག་པའི་ཁམས་ཀྱི་ལེའུ་ལ་དོན་བཞི་སྟེ། གསལ་བ་ཁོ་ན་སྟོན་པའི་ལེའུ་གཉིས་ནི། རིག་པ་ཀུན་སྦྱོར་དང་སྐྱེས་བུ་ངོ་མཚར་རོ། །འོད་རབ་ཏུ་འཕྲོས་པའི་ལེའུ་གཅིག་སྟེ། ཏིང་འཛིན་ཟབ་མོ་བསྟན་པའོ། །འབྱུང་བཞི་རྣམ་པར་དག་པའི་ལེའུ་བཞི་སྟེ། རིག་པའི་ཡེ་ཤེས། རིག་པའི་རྩིས། རིག་པའི་སྤྱོད་འདས། རིག་པ་འདུ་འབྲལ་མེད་པའོ། །ཞིང་ཡོངས་སུ་དག་པའི་ལེའུ་གཅིག་སྟེ་རིག་པས་ས་ནོན་ནོ། །དེ་ཡང་གསལ་བའི་འོད་འབྱུང་ཞེས་པ་དེ།  ཁམས་དེ་རྒྱས་པར་སྟོན་ནུས་སོ། །བྱམས་མ་ཆེན་མོ་རྩ་བའི་འབུམ་ལས། རིག་པའི་ཁམས་གསལ་བའི་འོད་འབྱུང་ཞིང་དུ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།

   དེ་ནས་དབྱིངས་ཁམས་ལ་དོན་དགུས་བསྟན་པ་ནི། དང་པོ་ཚིག་ནི་ཐམས་ཅད་ཐུགས་རྗེའོ་ཞེས་སོ། །དོན་ནི་བོན་ཐམས་ཅད་གཡོ་རྩོལ་མེད་པའོ། །ཁམས་ནི་གཡུང་དྲུང་དབྱིངས་ཁམས་སོ། །སྐུ་ནི་ངོ་བོ་ཉིད་ཀྱི་སྐུའོ། །ངོ་བོ་ཉིད་གང་ཞེ་ནས། སྐུ་གསུམ་ཀའི་ངོ་བོ་ཉིད་གཅིག་ཏུ་གྱུར་ཞིང༌། ཆེ་བའི་ཡོན་ཏན་དང་མཛད་པའི་ཕྲིན་ལས་ལྷུན་གྲུབ་ཏུ་ཡོད་པའོ། །རྒྱུ་གཉིས་ལ། གནས་འགྱུར་གྱི་རྒྱུ་ནི། སེམས་ཉིད་རྣམ་པར་དག་པའོ། །ངོ་བོའི་རྒྱུ་ནི། སེམས་ཀྱི་རང་བཞིན་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པའོ། །འབྲས་བུ་ནི་རྟོགས་པའི་འབྲས་བུ་རྣམ་པར་དག་པའོ། །མཐའ་ནི་དབྱིངས་སུ་བསྟན་པས་ཆད་པའི་མཐའ་ཡོད་དམ་ཞེ་ན། ཐམས་ཅད་ཐུགས་རྗེས་ཅེས་པས། ཆད་པའི་མཐའ་དང་བྲལ་སྟེ། ཐམས་ཅད་ལ་ཐུགས་རྗེ་རྒྱུན་མི་ཆད་པར་སྟོན་པའོ། །འབྲེལ་པ་གཉིས་ལས། ཚིག་གི་འབྲེལ་བ་ནི། ཐམས་ཅད་ཐུགས་རྗེའི་མགོན་དུ་གྱུར་པ་མོ་ཞེས། དབྱིངས་ཁམས་དང་མཉམ་ཁམས་གཉིས་ཀ་ཚིག་གཅིག་གིས་བསྡུས་པའོ། །དོན་གྱི་འབྲེལ་པ་ནི། དབྱིངས་ཁམས་མཉམ་ཁམས་གཉིས་ཀ་དབྱིངས་དང་ཡེ་ཤེས་མཁའ་ལ་མཉམ་སྟེ། དང་པོ་དབྱིངས་དགུ་སྟོན་ཅིང་མཉམ་པའི་ཡེ་ཤེས་ལྔ་སྟོན་པའོ། །དེ་ནས་དབྱིངས་ཁམས་ཀྱི་ལེའུ་དོན་གསུམ་སྟེ། ཐམས་ཅད་ཅེས་པ། ཡེ་ཤེས་ཀྱི་འབྲས་བུ་ཐོབ་པར་བསྟན་པའི་ལེའུ་གཅིག་པ་དང༌། ཐུགས་མངོན་གྱུར་མུ་མེད་ལས་སོགས་ཀྱིས། །དབྱིངས་དགུའི་ལེའུ་དགུ་དང༌། རྗེ་ཞེས་པའི་ལེའུ་གཉིས་ཏེ་དབྱིངས་ཀྱི་ངང་ཉིད་དང༌། མཚན་དང་དཔེ་བྱད་བསྟན་པའོ། །དེ་ཡང་ཐམས་ཅད་དང་གསུམ་གྱི་ལེའུ་བཅུ་གཅིག་པ་གཅོད་དུ་ཕྱེ་བའོ། །བྱམས་མ་ཆེན་མོ་རྩ་བའི་འབུམ་ལས། དབྱིངས་ཁམས་ཐམས་ཅད་ཐུགས་རྗེས་བསྟན་པའི་ལེའུ་སྟེ། དགུ་པའོ།། །།

(སྤྱིའི་གཟིགས་གྲངས། 671 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྨེའུ་མཁས་…
error: རྩོམ་འདི་བདག་དབང་ཅན་ཡིན།