ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བྱམས་མ་ཆེན་མོ་རྩ་བའི་འབུམ།

ལོ་བསྐོར་བར་བསྐུལ་བ་སྟོང་གསུམ་ཡོངས་ལ་མངའ་མཛད་པས། ལྷ་མོ་དེ་ཡང་དབང་བསྒྱུར་འཁོར་ལོ་ཐུགས་རྗེའི་རྫུ་འཕྲུལ་ཞབས་ཞེས་བྱའོ། །དེ་ནས་ཤེས་རབ་ལྡན་པའི་འཁོར་རྣམས་ཤེས་རབས་ཚད་དུ་བསླེབས་ནས། སྟོན་པ་ཡང་འཁོར་སྤངས་རྒོན་༼དགོན༽པ་མཛད་དུ་གཤེགས་པའི་ཚེ། བཀྲ་ཤིས་ཀྱི་ལྷ་མོ་གདུགས་ཅན་མས། དབུའི་ནམ་མཁའ་ལ་ལྷའི་གདུགས་ཆེན་པོ་ཕུབ་ནས། བསྐོར་བས་སྤྱི་ཕུད་བཀུར་སྟིའི་གནས་སུ་གྱུར་ཞིང༌།   གྲུབ་པ་བསྙེས་པའི་དཔེ་བཞག་པས། ལྷ་མོ་ཡང་དབུ་རྒྱན་ཐོད་རྡིང་ཞུས་ཤམ་པྲོག་དང་ཆས་ཅེས་བྱའོ། །དེ་ལྟར་འདུལ་བ་རྒྱུད་དྲུག་མངོན་པ་སྡེ་བཞི་ལ། བསླབ་པ་དོན་དུ་གཉེར་བ་དེ་ལ། གསོ་སྦྱོང་རྣམ་པར་དག་པས་བསྟན་པ་བསྲུང་དགོས་པས། གསོ་སྦྱོང་གཡུང་དྲུང་གི་ཡན་ལག་དགུ་སྟེ། འགྱོད་པ་དང༌། སྨད་པ་དང༌། བཤགས་པ་དང༌། བསྐྱར་བ་དང༌། གསོ་བ་དང༌། སྦྱོང་བ་དང༌། ཚུལ་དང༌། ཁྲིམས་དང༌། འབྲས་བུའོ། །དེ་ལ་འགལ་བའི་ཉེས་ལྟུང་ལ། འགྱོད་པ་དྲག་པོ་སྐྱེས་ནས། སྨད་པའི་ཡན་ལག་བཅུ་གསུམ་བྱས་ལ། བཤགས་པ་དྲག་པོ་ལུས་སེམས་བྲལ་བ་ཙམ་གྱིས། སྟོབས་བཞི་དང་ལྡན་པའི་ཡུལ་ལ་བསྐྱར་ཞིང་གསོ་བ་ནི། སྣུམ་ཟད་ཀྱི་མེ་ལ་མར་བྲན་པ་ལྟ་བུ། སྦྱོང་བ་མེ་ལོང་གི་གཡའ་ཕྱིས་པ་བཞིན་ཏེ། ཚུལ་བཅུ་གསུམ་གྱི་མི་ལས་ལྷར་བསྒྲུབ་ཅིང༌། ཁྲིམས་ཉིས་བརྒྱ་ལྔ་བཅུས། ལྷ་ལས་སངས་རྒྱས་སུ་བྱས་པས། འབྲས་བུ་སྤྲུལ་པའི་སྐུ་ལྟར་ཐམས་ཅད་མཁྱེན་པ་ཐོབ་པའོ། །དེའི་ཚིག་ནི། དྲང་སྲོང་ཆེན་པོ་བདག་ལ་དགོངས་སུ་གསོལ། བདག་ནི་སྐལ་པ་འབུམ་ཕྲག་གྲངས་མེད་པའི་དུས་ནས། ད་ལྟ་འདི་ལ་ཐུག་གི་བར་དུ། སྡིག་པ་༼སྨད་པའི་ཡན་ལག༽མི་དགེ་བའི་ལས་ཅི་བགྱིས་པ་ཐམས་ཅད་འབྱང་བའི་ཐབས་ཤིག་འཚལ་ ལོ། །རྩ་ལག་༼བཤགས་པའི་ཡན་ལག༽གི་ཉམས་ཞིག་སྔར་བྱས་པ་ལ་གནོང་ཞིང་བཤགས་པར་འཚལ་ལོ། །དེ་ལྟར་༼སྦྱོང་བའི་ཡན་ལག༽བགྱིས་པ་ལ་མི་འཆབ་ཅིང་འགྱོད་པར་འཚལ་ལོ། །སླད་ཆད་༼གསོ་སྦྱོང་ཚུལ་ཁྲིམས་འབྲས་བུ་ཡི་ཡན་ལག༽མི་བགྱིད་སྡོམ་པར་འཚལ་ལོ།  །དེས་ན་གསོ་སྦྱོང་བྱ་ཞིང་འདུལ་བ་ཡོངས་སུ་འཛིན་པ་སྟེ། ཉམས་ཞིག་ཉེས་ལྟུང་རྣམ་པར་དག་པའི་གསོ་སྦྱོང་གི་ཕན་ཡོན་ཙམ་ནི་འདུལ་བའི་འབུམ་སྡེ་ཡིན་ཏེ། འབུམ་སྡེ་དེ་ལ་ཡང༌། དབང་པོ་རབ་འབྲིང་ཐ་མའི་བློ་རྩལ་དང་སྦྱར་ནས། སོ་སོའི་ཐར་པའི་སྡོམ་པ་དང༌། གྲུབ་མཐའ་བཀག་པའི་སྡོམ་པ་དང༌། བསམ་གཏན་ཆེན་པོའི་སྡོམ་པ་དང༌། ཟག་བཅས་དཀའ་བཅད་ཀྱི་སྡོམ་པ་དང༌། ཟག་མེད་ཡེ་ཤེས་ཀྱི་སྡོམ་པ་དང་ལྔ་པོ་ནི། དྲང་སྲོང་པ་དང༌། མཚན་ཉིད་སྡེ་ལྔ་པ་དང༌། འགོག་པ་སྡེ་གསུམ་པ་དང༌། དཀའ་ཐུབ་སྡེ་གཉིས་པ་དང༌། དགྲ་བཅོམ་རྣམས་ཀྱིས་རྒྱུད་ལ་ཡོད་པས་དེ་དག་ཐེག་པ་གོང་མ་ལ་སྤྱོད་ཅིང༌། ཁྲི་འཕང་དང་པོ་ལ་རྟོགས་པ་ཡིན་པས། རྩ་བ་བཞིའི་རྟེན་འདུལ་བའི་འབུམ་སྡེ་ཚིག་བཞིར་འདུས་པ་ནི། སྟོན་པས་སྡེ་བཞི་ཕྱེས་པའི་དོན་ནོ། །སྡེ་བཞི་གང་ཞེ་ན། ཁྱིམ་པ་དང༌། ཁྱིམ་ལ་གནས་པ་དང༌། རབ་བྱུང་གཉིས་ཏེ་དྲང་སྲོང་གཙང་གཙུག་  གོ  །དེ་ལ་དབྱེ་ན་སྡེ་བརྒྱད་དོ། །དང་པོ་ལ་གཉིས་ནི་དངོས་ཏེ།   བསྙེན་གནས་༼རྒྱལ་བས་རབ་བསྔགས་གཞན་འཚེ་མིན།༽པའི་སྡེ་ཁྱིམ་པ་དང༌། དགེ་བསྙེན་པའི་སྡེ་ཁྱིམ་ ༼དགེ་སྦྱོང་གཏན་ཁྲིམས་དམ་པ་བསྲུང༌།༽ལ་གནས་པའོ། །རབ་བྱུང་ལ་དྲུག་སྟེ། ཡོད་པར་སྨྲ་བའི་སྡེ་ལྷའི་དྲང་སྲོང་རྣམས་དང༌། ཁྲིམས་བརྟན་པའི་སྡེ་སེམས་དཔའི་དྲང་སྲོང་རྣམས་དང༌། རྨད་དུ་བྱུང་བའི་སྡེ་གཡུང་དྲུང་ཁྱིམ་བདུན་གྱི་དྲང་སྲོང་རྣམས་དང༌། དག་པ་ཕལ་ཆེན་པའི་སྡེ་བདུད་འདུལ་བའི་དྲང་སྲོང་རྣམས་དང༌། ཁྲི་སྨོན་པའི་སྡེ་ཕོ་རྒྱུད་དྲང་སྲོང་རྣམས་དང༌། ཁོང་མའི་སྡེ་དྲང་སྲོང་མོ་རྒྱུད་རྣམས་སོ། །དེ་རྣམས་ཀྱི་རྩ་བ་ཚུལ་ཁྲིམས་ཡིན་པས། བསྙེན་གནས་ཡན་ལག་བརྒྱད་དང༌། དགེ་བསྙེན་རྟེན་ཁྲིམས་སྣ་ལྔ་དང༌། གཙང་ཁྲིམས་ཉི་ཤུ་རྩ་ལྔ་དང༌། དྲང་སྲོང་ཕོ་མོ་རྒྱས་པའི་ཁྲིམས་རྣམས་བསྟན་པར་རྣམས། ཚིག་བཞི་ཚིགས་སུ་བཅད་པ་གཅིག་ཏུ་འདུལ་འབུམ་ཡང་འདུས་པའོ། །དྲང་སྲོང་རྒྱལ་བ་ལ་སོགས་འདུས་པའི་འཁོར་རྣམས་ཀྱིས་རབ་ཏུ་རྟོགས་པར་གྱིས། སྤྱོད་པ་རྣམ་པར་དག་པའི་སྤྲུལ་པའི་སྐུ་རུ་འགྱུར་རོ། །བྱམས་མ་ཆེན་མོ་རྩ་བའི་འབུམ་ལས། རྣམ་དག་འདུལ་བའི་འབུམ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།

(སྤྱིའི་གཟིགས་གྲངས། 669 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྨེའུ་མཁས་…
error: རྩོམ་འདི་བདག་དབང་ཅན་ཡིན།