ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བྱམས་མ་ཆེན་མོ་རྩ་བའི་འབུམ།

   དེ་ལྟར་རྒྱས་པ་ཀུན་གསལ་དུ་བསྟན་པའི་འབུམ་སྡེ་ཆེན་པོ་ལྔ་ཡང༌། ཚིག་བཞི་ཚིགས་སུ་བཅད་པ་རེ་རེར་འདུས་པར་བཤད་པས། འཁོར་རྣམས་རྗེས་སུ་ཡིད་རང་ནས། དུས་གསུམ་རྒྱལ་བའི་ཡུམ། ངོ་བོ་གཅིག་ལ་གདུལ་བྱའི་ཁྱད་པར་གྱི། སྐུའི་བཀོད་པ་སྣ་ཚོགས་སུ་བསྟན་པ་ལ་བསྟོད་དེ། དང་པོ་ཡེ་གཤེན་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་སུམ་བརྒྱ་དྲུག་ཅུ་དང༌། ཁམས་བརྒྱད་ཞུ་བའི་གཤེན་བརྒྱད་ཀྱིས། བྱམས་མ་ཆེན་མོ་ལ་ཁམས་བརྒྱད་ཀྱི་ངོས་ནས་བསྟོད་པ་ནི།། ཨཱོྃ་མི་སྐྱེ་མི་འགག་ནམ་མཁའི་རང་བཞིན་ཅན། ཤེས་རབ་གསལ་བ་ཀུན་གྱི་ཡུམ་གཅིག་མ། སྐྱེ་མེད་དབྱིངས་ནས་གསལ་བའི་འོད་ཕྱུང་ཞིང༌། ཐམས་ཅད་ཐུགས་རྗེའི་མགོན་དུ་གྱུར་པ་མོ། ས་ཏྲིག་ཨེར་སངས་རྒྱལ་མོ་དབྱིངས་ཀྱི་ཡུམ། ཉིད་ནི་དོན་དམ་བདེ་ཆེན་མི་གཡོ་ཡང༌། སྤྲུལ་པ་བྱེ་བ་ས་ཡ་གྲངས་འདས་ཀྱིས། གདུལ་བྱའི་དོན་མཛད་བྱམས་མགོན་མ་གཅིག་མ། ཡོངས་སུ་སྲིད་པའི་རི་རྒྱལ་ལྷུན་པོ་རུ། སྲིད་པའི་རྒྱལ་མོ་གདོད་ནས་སྐྱེ་མེད་མ། སྔོན་མོ་ཞལ་གསུམ་སྲིད་གསུམ་རྣམ་པར་སྒྲོལ། ཕྱག་དྲུག་འགྲོ་དྲུག་སྐྱོབ་མཛད་ལྷ་མོ་ཡི། མེ་ཏོག་རལ་ཀྱུ་ནོར་བུ་རིན་ཆེན་གཡས། སྒྲོན་མེ་ཞལ་ཟས་བསིལ་ཡབ་གཡོན་ནས་སྲེལ། སྲིད་པའི་བ་མོ་བརྒྱད་སྣོལ་གདན་ལ་འགྱིང༌། སེམས་དཔའ་སེམས་མཆོག་མཚན་མེད་དངོས་མེད་ངང༌། རྟོགས་མེད་གཉིས་མེད་ཁམས་བརྒྱད་འཁོར་འདས་ལམ། སྟོན་པར་སྣང་མཛད་བྱམས་མ་བརྒྱད་ཀྱིས་བསྐོར། ཡིད་ཀྱི་ཁྱེའུ་ཆུང་ལ་སོགས་ཁྱེད་བསྟོད་དོ། །རིན་ཆེན་རྒྱུ་ལྡན་རིན་ཆེན་སྤུངས་པ་རུ། རྗེ་བཙུན་རིན་ཆེན་ལྷ་མོ་འགག་མེད་མ། གསེར་གྱི་མདོག་ལྡན་ལན་གཅིག་ཕྱིར་འོང་ཞལ། གཉིས་ལྡན་ཕྱག་བཞི་གཡུང་དྲུང་འཁོར་ལོ་དང༌། པད་མ་རིན་ཆེན་འཛིན་པ་འདོད་དགུའི་གཏེར། བདུད་རྩི་རྒྱུན་མེད་མ་ཧེའི་ཁྲི་ལ་བཞུགས། སྲིད་པ་བསྐལ་པ་སྣང་སྟོང་སོ་སོ་དང༌། རིག་པ་དབྱིངས་དང་མཉམ་པ་ལས་སྤྲུལ་པ། ལྷ་མོ་བརྒྱད་དང་གྲངས་མེད་ཚོགས་བཅས་ལ། གཏོ་བུ་ལ་སོགས་སེམས་དཔས་ཕྱག་བགྱིའོ། །སྣང་ཁམས་གཡུང་དྲུང་གསལ་བ་འོད་གླིང་དུ། ཡེ་ཡོད་ཞལ་དཀར་སྨན་གཅིག་ཚད་མེད་མ། དུས་བཞི་འཆར་བའི་ཞལ་བཞི་དཀར་གསལ་ལ། ཕྱག་བརྒྱད་སྣང་ལྡན་ཉི་ཟླ་གཟའ་སྐར་གཡས། མར་མེ་མེ་ལོང་ཤེལ་དང་གཤང་ཆུང་གཡོན། ཅང་ཤེས་རླུང་གི་ཤུགས་ཅན་ཁྲི་སྟེང་ན། ཆད་པའི་མཐར་ལྷུང་མེད་པའི་བརྡ་དོན་སྟོན། མྱང་འདས་མི་འགྱུར་སྦྱིན་པ་ཚུལ་ཁྲིམས་བཟོད། བརྩོན་སྟོབས་སྙིང་རྗེ་སྨོན་ལམ་ཐབས་ཤེས་རབ། སེམས་ཉིད་རྣམ་དག་སྟོན་པའི་མ་ཚོགས་ལ། གསལ་བ་འོད་ལྡན་ལ་སོགས་གུས་ཕྱག་འཚལ། ཡེ་མེད་པར་ཏི་གཡུང་དྲུང་གླིང་གོང་ན། མཚན་འཛིན་དངོས་བྲལ་ལྷ་མོ་བདག་མེད་མ། མཐིང་ནག་ཚད་མེད་བཞི་ལྡན་ཞལ་བཞི་ཀུན་ཏུ་གཟིགས། སྒྱུ་མའི་དཔེ་བརྒྱད་སྟོན་པའི་ཕྱག་བརྒྱད་ཚོགས། གཞའ་སྤྲིན་ཆུ་ཟླ་གཟུགས་བརྙན་གཡས་ན་འཛིན། བ་དན་ཤེལ་དཀར་པི་ཝང་གླིང་བུ་གཡོན། ནམ་མཁའི་འབྲུག་ནག་སྡིར་བའི་ཁྲི་སྟེང་ན། བྱར་མེད་བླ་མེད་གཡོ་མེད་ཟག་མེད་དང༌། ཀུན་མཁྱེན་སྟོང་པ་རྟོག་མེད་ཉིད་རྣམས་དྲང༌། རང་བཞིན་མེད་པར་སྟོན་པའི་ལྷ་མོ་བཅུ། སྟོང་པ་རྗེ་བཅས་ཀུན་གྱིས་ཁྱེད་བསྟོད་དོ། །སོ་སོ་མུ་ཡང་སྤྲུལ་པའི་གླིང་ཆེན་དུ། བྱེ་བྲག་རྣམ་འབྱེད་ལྷ་མོ་སྒྲིབ་མེད་མ། དམར་སེར་འབར་བའི་གཟི་མདངས་མེ་འདྲའི་ཞལ། ཕྱག་བཅུ་དགེ་བཅུ་སྡིག་བཅུ་རྣམས་ངེས་མ། གཡས་ལྔ་པོ་ཏི་འཕྲེང་དར་གའུ་ཞགས། གཡོན་ལྔ་རིན་ཆེན་ཨུད་དཔལ་མདའ་མདུང་སྟ། ཨེ་ན་ཡ་བརྒྱད་ཁྲི་ལ་འགྱིང་བ་མོ། བདེན་གཉིས་འཁོར་འདས་དུག་དང་ཡེ་ཤེས་ཏེ། བསྲུངས་ཉམས་དགེ་འབྲས་ལས་བསྐྱེད་ལྷ་མོའི་ཚོགས། སེམས་དཔའ་ཆེན་པོ་རབ་འབྱམས་དཀྱིལ་འཁོར་ལ། ཚངས་པ་གཙུག་ཕུད་ལ་སོགས་ཕྱག་འཚལ་བསྟོད། རང་རིག་གསལ་བ་རྒྱ་མཚོའི་གླིང་ནང་ནས། གཡུང་དྲུང་ཀློང་སྐྱེད་ལྷ་མོ་དམིགས་མེད་མ། ཤེས་རབ་རྣམ་གསལ་དམར་འབར་ཞལ་ལྔ་མ། ཕྱག་བཞི་ཤེས་རབ་རལ་གྲི་མདའ་གཞུ་དང༌། མེ་ལོང་བུམ་པ་འཛིན་མཛད་གཞོན་ནུ་མ། གསེར་གྱི་ངང་པ་བསྣོལ་བའི་ཁྲི་སྟེང་ནས། ཀུན་སྦྱོར་ངོ་མཚར་ཏིང་འཛིན་ཡེ་ཤེས་དང༌། རང་རིག་སྤྱོད་འདས་དོན་སྟོན་ཡུམ་ཚོགས་རྣམས། བརྗིད་བཅས་འགྱིང་ལྡེམ་འགྲོ་བའི་དོན་མཛད་མ། གང་གའི་ལྷ་མོ་དང་བཅས་གུས་པས་འདུད། དབྱིངས་ཆེན་གཡུང་དྲུང་ཁྱིམ་བདུན་གནས་མཆོག་ན། དབྱིངས་ཀྱི་ལྷ་མོ་དབྱིངས་ཕྱུག་གཡོ་མེད་མ། སྔོ་ལྗང་སྤྲུལ་པའི་དབུ་གསུམ་འགྲོ་ལ་གཟིགས། ཕྱག་དྲུག་མཚན་དཔེའི་དོན་སྟོན་རིན་པོ་ཆེ། གཡུང་དྲུང་ཨུ་དུ་འབར་བའི་ལྗོན་ཤིང་དང༌། རྒྱལ་མཚན་ལྕགས་ཀྱུ་འཛིན་མཛད་བྱ་ཁྱུང་གནོན། ཡེ་ཤེས་མུ་མེད་འབྱམས་ཡས་རྒྱ་མ་ཆད། ཁ་གཏིང་དཔག་མེད་དོག་མེད་ཟག་མེད་དང༌། འགྱུར་མེད་ངང་ཉིད་བཅོས་མེད་མཚན་དཔེ་ལྡན། ཕྱག་འཚལ་གཙུག་གཤེན་རྒྱལ་བ་དང་བཅས་སོ། །མཉམ་གནས་རིན་ཆེན་འཕྲུལ་སྣང་གཞལ་ཡས་ན། མཉམ་ཉིད་ནམ་མཁའི་མདངས་ལྡན་འགྱུར་མེད་མ། །སྔོན་མོ་བརྗིད་ལྡན་ཞལ་གཅིག་ཐིག་ལེ་གཅིག མཉམ་ཉིད་བདེ་ཆེན་ཕྱག་གཉིས་མཉམ་པ་ཉིད། མི་གཡོ་བདལ་བའི་ཞབས་ནི་དཀྱིལ་མོ་ཀྲུང༌། ཐུགས་རྗེ་བརྟན་བརྗིད་གླང་པོའི་ཁྲི་ལ་བཞུགས། མཉམ་ཉིད་རང་བཞིན་ལས་བཅད་ཐུན་མོང་མིན། རྒྱུ་འབྲས་དོན་འདུས་དོན་མཐུན་ཡེ་ཤེས་རྫོགས།

(སྤྱིའི་གཟིགས་གྲངས། 671 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྨེའུ་མཁས་…
error: རྩོམ་འདི་བདག་དབང་ཅན་ཡིན།