ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བྱམས་མ་ཆེན་མོ་རྩ་བའི་འབུམ།

ཡོངས་སུ་བཟུང་བར་བྱ་བ་ཡིན་ཏེ། །སེམས་ཅན་ལས་མ་གྱུར་པའི་སྐྱབས་འགྲོའི་རྟེན་མེད། སྐྱབས་སུ་མ་སོང་བ་ལ་གསོ་སྦྱོང་གི་གནས་མེད། གསོ་སྦྱོང་མ་དག་པའི་སེམས་བསྐྱེད་ཀྱི་གཞི་མེད། སེམས་བསྐྱེད་པ་ལས་མ་བྱུང་བའི་སེམས་དཔའ་མེད། སེམས་དཔར་མ་གྱུར་པའི་གཡུང་དྲུང་གི་ས་བགྲོད་པ་མེད། ས་ལམ་མ་བགྲོད་པའི་རྫོགས་པའི་སངས་རྒྱས་མེད། སངས་རྒྱས་སུ་མ་གྱུར་པར་འགྲོ་དོན་མཐར་ཕྱིན་པ་མེད་པས། གཤེན་རབ་ཀྱི་ལམ་བགྲོད་པ་འདི་དག་དགོས་འབྲེལ་དེ་ལྟ་བུ་ཡོད་པའི་དོན་གྱིས་བསྟན་པ་ཡིན་ཏེ། ལམ་བགྲོད་པ་ལ་གཡུང་དྲུང་གི་ཡན་ལག་དགུ་བསྟན་པ་ནི། འཇུག་བྱེད་དང༌། འཇུག་བྱ་དང༌། གཞི་དང༌། ལམ་དང༌། སྤང་བྱ་དང༌། རྟོགས་བྱ་དང༌། གཟུང་བྱ་དང༌། ལམ་རྟགས་དང་འབྲས་བུའོ། །དང་པོ་འཇུག་བྱེད་ཀྱི་གང་ཟག་ནི། དག་པའི་ཕུང་པོའི་བསོད་ནམས་རྫོགས་པའོ། །འཇུག་བྱའི་བོན་ངེས་དོན་ལྟ་བར་སྟོན་པའི་ཐེག་པ་ཆེན་པོའོ། གཞི་ནི་སེམས་དང་སེམས་འབྱུང་ཚོགས་པའི་ཀུན་གཞིའི་རྣམ་པར་ཤེས་པའོ། །ལམ་ནི་གཤེན་རབ་ཀྱི་ལམ་བཞིས་བསྡུས་པའི་ལམ་ཙམ་མོ། །སྤང་བྱ་ནི། གཟུགས་དང་རྒ་ཤི་ལ་སོགས་འཁོར་བའི་བོན་རྣམས་སོ། །རྟོགས་པར་བྱ་བ་ནི་བླ་ན་མེད་པར་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་འབྲས་བུ་ལ་སོགས་པར་བྱུང་བ་མྱ་ངན་ལས་འདས་པའི་བོན་རྣམས་སོ། །གཟུང་བྱ་ནི་རིན་པོ་ཆེའི་སེམས་ཀྱི་རང་བཞིན་ཡོངས་སུ་བཟུང་ཞིང་གནས་པ་དང༌། མི་ཉམས་པ་དང༌། འཕེལ་བར་བྱེད་པས་ལམ་ཐམས་ཅད་ཆོད་པར་ནུས་ཏེ། འགྲོ་བའི་ལམ་ལ་རྐང་པས་ས་བཅད་པའི་བྱ་བ་བཞིན་ནོ། ལམ་གྱི་རྟགས་ནི་ལམ་ལྔ་སོ་སོ་ནས་བྱུང་བའི་རྟགས་སུམ་བརྒྱ་དྲུག་ཅུ་འཆར་ཏེ། ཚོགས་ལམ་བཅུ་གཉིས། སྦྱོར་ལམ་ཉི་ཤུ་ལྔ། མཐོང་ལམ་བཅུ་དྲུག སྒོམ་ལམ་སུམ་བརྒྱའི་ལམ་རྟགས་འཆར་བ་སྟེ། ལམ་གྱི་རྟགས་བརྒྱ། བོན་གྱི་རྟགས་བརྒྱ། སྣང་བཅས་༼བཀའ་འགྱུར་གྱི་འབུམ་ལྔའི་ནང་སྣང་བཅས་ཐབས་ཀྱི་ཞེས་འདུག༽མཁྱེན་པའི་རྟགས་བརྒྱའོ། །སངས་རྒྱས་ཀྱི་རྟགས་བཅུ་གཅིག་ནི། འབྲས་བུ་ཐོབ་པའི་རྟགས་བཅུ་གཅིག་གོ། རེ་རེ་ལ་ཡང༌། བཞི་བཞི་ཡོད་པས་བཞི་བཅུ་རྩ་བཞི་རྩ་བཞིའོ། །དེ་ལས་བསྡུས་པའི་ཚོགས་ལམ་རྟགས་བརྒྱད་དང༌། སྦྱོར་ལམ་དྲོད་རྟགས་བཅུ་གཉིས། རྩེ་མོ་ལ་དྲུག བཟོད་པའི་གཉིས། བོན་མཆོག་གི་གཅིག མཐོང་ལམ་བདེན་བཞི་ལས་ལྟོས་པའི་བཅུ་དྲུག སྒོམ་ལམ་ལ་ས་བཅུའི་ལམ་རྟགས་བཅུ། དེ་ལྟར་འཆར་ཏེ་བོན་ཐམས་ཅད་ལ། ངོ་བོས་སྒྲུབ་པ་དང༌། རྟགས་ཀྱིས་སྒྲུབ་པ་གཉིས་སུ་འདུས་པའོ། །འབྲས་བུ་ནི་སྐུ་ལྔ་ཡེ་ཤེས་ལྔའི་ངང་ལས། འཁོར་བ་མ་སྟོང་བར་དུ་བཞུགས་ནས། འགྲོ་དོན་རྫོགས་པར་མཛད་པའོ། །དེའི་ཚིག་ནི།  སེམས་དཔའ་ཆེན་པོ་བདག་ལ་དགོངས་སུ་གསོལ། གཡུང་དྲུང་གི་༼འཇུག་ཆོག༽ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་སེམས་དཔའ་རྣམས་ཀྱི་བགྲོད་པ་ཅི་བཞིན་དུ། བདག་དང་མཐའ་ཡས་པའི་སེམས་ཅན་༼འཇུག་བྱ་༽ཐམས་ཅད་ཀྱིས། རིན་པོ་ཆེའི་༼གཞི་བསྟན་པ༽སེམས་འདི་ཡོངས་སུ་བཟུང་ནས། ཐེག་པ་གོང་མ་ལ་སྤྱོད་ཅིང༌། ཁྲི་འཕང་དང་པོ་ལ་རྟོགས་ཏེ། གཤེན་རབ་གྱི་ལམ་བགྲོད་པར་བྱའོ། །དཀར་པོ་བག་ཆགས་མེད་པ་དང༌། ཐུགས་རྗེ་རྒྱུན་དུ་ཞུགས་པ་དང༌། དྲང་པོ་འཁོར་བ་མེད་པ་དང༌། དབུ་མ་བླ་རུ་ཕྱིན་པས། གཤེན་རབ་ཀྱི་ལམ་བགྲོད་ཅིང་ངེས་དོན་བསྒོམ་པར་འཚལ་ལོ། །ཞེས་བརྗོད་ཅིང་སྤྱོད་དོ། །བྱམས་མ་ཆེན་མོ་རྩ་བའི་འབུམ་ལས། གཡུང་དྲུང་ས་བཅུ་ལམ་གྱི་འབུམ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།

(སྤྱིའི་གཟིགས་གྲངས། 671 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྨེའུ་མཁས་…
error: རྩོམ་འདི་བདག་དབང་ཅན་ཡིན།