ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བྱམས་མ་ཆེན་མོ་རྩ་བའི་འབུམ།

སྟོང་ཉིད་མེ་ལོང་བྱ་བ་སོ་སོ་མཉམ། མ་བཅོས་རྒྱལ་པོ་ཐིག་ལེ་ཉག་གཅིག་མ། ཐམས་ཅད་མཉམ་པའི་བྱམས་ཆེན་རབ་འབྱམས་ལ། གསང་བ་ངང་རིང་དང་བཅས་གུས་ཕྱག་འཚལ། རྒྱལ་བའི་ཡུམ་གྱུར་མཉམ་ཉིད་བདེ་ཆེན་སྐུ། གཅིག་དང་ཐ་དད་དབྱེར་མེད་ཕ་རོལ་ཕྱིན། གདུལ་བྱའི་སེམས་དཔའི་དད་པའི་སྣང་ངོ་ལ། ཁམས་བརྒྱད་ངོས་ནས་ཁྱད་པར་སྐུར་མཐོང་བ། ཞིང་ཁམས་དོན་དང་བོན་གྱི་ལེའུར་བཅས། ཐམས་ཅད་བསྟོད་པའི་རྒྱལ་པོ་འདི་བརྗོད་པས། ཤེས་རབ་བྱམས་མ་ཡུམ་གྱི་དབྱིངས་ཉིད་དུ། སྤྲོས་བྲལ་བདེ་ཆེན་བོན་སྐུར་སངས་རྒྱས་ཤོག དེ་སྐད་ཅེས་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བསྟོད་དོ། །བྱམས་མ་ཆེན་མོ་རྩ་བའི་འབུམ་ལས། ཁམས་ཆེན་པོ་བརྒྱད་གཏན་ལ་ཕབ་པའི་སྣང་ངོས་ནས། གཡུང་དྲུང་སེམས་དཔའ་རྣམས་ཀྱིས་མཐོང་ཚུལ་དུ་བསྟོད་པའི་ལེའུ་སྟེ་བཅུ་ལྔ་པའོ།། །།

   དེ་ནས་ཚངས་པ་གཙུག་ཕུད་ལ་སོགས་པའི་གཡུང་དྲུང་སེམས་དཔའ་རྣམས་ཀྱིས་དགེ་རྒྱས་འབུམ་གྱི་ཞིང་ཁམས་སྣང་བའི་ངོས་ནས་བསྟོད་པ། ཨཱོྃ་དགེ་རྒྱས་ཚོགས་ཆེན་རྫོགས་པའི་ཡུམ། མི་དགེ་བཅུ་པོ་རབ་བཅོམ་ནས། དགེའ་བཅུ་རྣམ་དག་རྒྱ་ཆེར་བསྐྱེད། རྒྱལ་པོ་རང་སེམས་ཞི་བདེ་འདུལ། ཐམས་ཅད་སངས་རྒྱས་ཐོབ་པར་བསྔོ། དེ་དོན་ལས་མཛད་བྱམས་མའི་ཡུམ། སྲིད་པའི་ཞིང་ཁམས་རབ་འབྱམས་ནས། རྒྱུ་དང་བསོད་ནམས་ཚོགས་བསྐྱེད་པའི། དགེ་བ་རྒྱས་མཛད་བདེ་ཆེན་སྐུ། བརྩེ་བས་སྒྱུ་འཕྲུལ་ཆེན་མོ་ཡུམ། ཐམས་ཅད་རྒྱལ་མོ་འགྲན་ཟླ་མེད། སྟོབས་ཀྱི་བྱམས་མ་སྟོབས་མོ་ཆེ། རིན་ཆེན་བྱམས་མ་སྦྱིན་པའི་གཏེར། སྔོན་མོ་བརྗིད་འགྱིང་ཁྲོ་འཛུམ་ཅན། ཞལ་གཅིག་དོན་གཅིག་འབྲས་བུ་གཅིག ཕྱག་བཞི་ལས་བཞི་སྤྲུལ་པ་བཞི། རལ་ཀྱུ་སེང་གེའི་རུ་མཚོན་གཡས། གཡོན་པ་གབ་ཚེ་ཨུད་དཔལ་ལ། སྟོབས་ལྡན་གླང་པོའི་ཁྲི་སྟེང་ན། ལྷ་མོ་བྱམས་མ་སྟོབས་མོ་ཆེ། གཟི་བརྗིད་ཆེ་ལ་ཕྱག་འཚལ་ལོ། །རྒྱལ་མོ་དེའི་ཞིང་ཁམས་ན། སྲིད་པའི་ལྷ་མོ་བདུན་རྣམས་ནི། དགེ་རྒྱས་ཚོགས་ལ་མངའ་མཛད་དེ། མི་དགེ་བཅུ་པོ་འདུལ་སླད་དུ། སྲིད་པའི་རིགས་བཞི་ལྕམ་མོ་བཞི། ཡེ་མཁྱེན་རྒྱལ་པོའི་ལྕམ་མོ་ནི། སྒྲ་ཚད་རིག་པའི་དབང་ཕྱུག་མོ། དབལ་སོ་རྣོན་མོ་དམར་སྨུག་ལ། པྲ་ཕུད་ཕྱར་ཞིང་བ་དན་སློང༌། དོམ་ནག་འགྱིང་བའི་གདན་ལ་བཞུགས། རྒོལ་བ་འཇོམས་མཛད་ལ་ཕྱག་འཚལ། ཡེ་དབལ་མཐུ་སྟོབས་རྒྱལ་པོའི་ལྕམ། ནང་གི་རིག་པའི་མངའ་བདག་མོ། བདུད་འདུལ་ཀླུ་ཡི་རྒྱལ་མོ་ནི། རེ་ཤག་ནག་མོ་སྦྲུལ་ཞགས་སྡོག བདུད་རྩི་བུམ་པའི་དུག་འཇོམས་མ། རྔམ་ཆེན་བཀྲ་གསལ་གདན་ལ་བཞུགས། ཀླུ་གདོན་ཚར་གཅོད་ཁྱོད་ལ་འདུད། །ཡེ་རྗེ་སྨན་ལྷའི་རྒྱལ་པོའི་ལྕམ། གསོ་བ་རིག་པའི་དཔལ་ལྡན་མ། སྲིད་པའི་ལྷ་མོ་འཕྲུལ་མོ་ཆེ། དཀར་མོ་ཡང་དག་དབྱིངས་ཀྱི་ཡུམ། གཡས་པ་སྲིད་པའི་མདའ་དར་འཆང༌། གཡོན་པ་འཕྲུལ་ཆ་སྣ་ཚོགས་འཛིན། རྩོས་མོ་རུ་རིང་གདན་ལ་བཞུགས། ནད་རྣམས་སེལ་བའི་ཡུམ་ལ་འདུད། །ཡེ་དབང་མཐུ་སྟོབས་རྒྱལ་པོའི་ལྕམ། ཕྱིའི་རིག་པའི་རྒྱལ་མོ་སྟེ། རིན་ཆེན་རྒྱུའི་ཡུམ་ཆེན་མོ། དཀར་ལྗང་གཡུ་ག་ལྗང་དུ་གསལ། གཡས་པས་སྲིད་པའི་ས་བོན་འཛིན། གཡོན་པ་གླང་གི་ཐིག་ལེ་བསྣམས། བ་མོ་ཆེའི་ཁྲི་ལ་བཞུགས། འབྱུང་བ་མཁོས་འདེབས་ཡུམ་ལ་བསྟོད། ཤེས་བྱ་གཏན་འབེབ་ཡུམ་ཆེན་བཞི། མི་དགེ་བཅུ་པོ་སྟོབས་ཀྱིས་འདུལ། དགེའ་ལ་བསྙེན་མཛད་ལ་ཕྱག་འཚལ། སྲིད་པའི་རྒྱལ་པོ་སངས་པོ་ཡི། དགེ་བཅུ་རྣམ་དག་བསྐྱེད་པའི་ཕྱིར། སྲིད་པའི་གཡུང་དྲུང་ཡུམ་ཆེན་མོ། སྐུ་མདོག་གསེར་ལ་དབུ་སྐྲ་གཡུ། ཆུ་སྲིན་བསྣོལ་བའི་ཁྲི་ལ་བཞུགས། ཆགས་པར་བྱ་ཁྲ་འཛིན་པ་སྟེ། མདོའ་རྒྱུད་བཞི་བཅུའི་དབྱིངས་གྲོལ་ནས། མདོ་སྡེ་རྒྱས་མཛད་ཡུམ་ལ་འདུད། རྒྱལ་པོ་རང་སེམས་འདུལ་མཛད་པ། གསུང་གི་ལྕམ་མོ་སྲིད་གསུམ་ཡུམ། གཡུའ་མདངས་གཡུའི་ཅོད་པན་ཅན། ཁྲུང་ཁྲུང་དཀར་མོའི་གདན་ལ་བཞུགས། སྤོས་ཀྱི་རྨ་བྱ་དྲི་ཞིམ་འགྱེད། ནག་ཕྱོགས་བདུད་རྣམས་སྤ་བཀོང་པའི། རྣམ་ཐར་ཞི་བའི་ཡུམ་ལ་བསྟོད། ཐམས་ཅད་ཐར་པ་ཐོབ་པའི་གཞི། གསལ་བ་ཡེ་ཤེས་ཐུགས་ཀྱི་ལྕམ། དཀར་མོ་རྒྱན་ལྡན་སྤྲིན་དཀར་བསྣམས། ཞགས་པ་ཆུ་ཟླ་འཛིན་པ་མོ། ཅང་ཤེས་རྟའི་ཁྲི་ལ་བཞུགས། དགེ་བ་དམིགས་མེད་ངང་ལ་རྫོགས། རྫོགས་ལྡན་ཐེག་ཆེན་ཡུམ་ལ་འདུད། བྱམས་མ་ཆེན་མོ་སྐྱབས་ཆེན་མོ། གཏེར་ཆེན་བསོད་ནམས་དམ་པའི་ཡུམ། དྲག་བྱེད་མ་དང་དབང་མོ་ཆེ། རྒྱས་མཛད་ཞི་བའི་བདག་ཉིད་མ། འགྲོ་ལ་བརྩེ་བར་གཟིགས་པའི་ཕྱིར། སྲིད་པའི་ལྷ་མོར་སྐུ་བཞེངས་ནས། གང་ལ་གང་འདུལ་དེ་སྟོན་པའི། དགེ་རྒྱས་ཚོགས་ཆེན་རྫོགས་མཛད་མ། དཔལ་ལྡན་ཡིད་བཞིན་ནོར་བུ་ཡི། དབང་ཕྱུག་རྒྱལ་མོ་ཁྱོད་བསྟོད་པས། སྲིད་པ་གསུམ་གྱི་དབང་ཕྱུག་ཐོབ། དཔལ་དང་གྲགས་དང་སྐལ་པར་ལྡན། རིག་པའི་གནས་ལྔ་ལ་མཁས་ཤིང༌། དེའི་ཡོན་ཏན་མཐའ་ཡས་འབྱུང༌། སྙན་པ་མཐུ་སྟོབས་འཕེལ་བ་དང༌། ནད་མེད་བུ་དང་འབྱོར་པ་ཐོབ། ཕྱོགས་ངན་དགྲ་དང་གེགས་ངན་སེལ། སྡིག་པ་འཇོམས་ཤིང་དགེ་བ་འཕེལ། རང་རྒྱུད་དག་ནས་འབྲས་བུ་ཐོབ། སྒྲིབ་པ་ཕྱག་མས་འདེབས་བྱས་ནས། སངས་རྒྱས་ཚོགས་ཆེན་འདི་རྫོགས་འགྱུར། དེ་སྐད་ཅེས་དགེ་བསྙེན་དང༌། བསྙེན་གནས་པ་དང༌། མདོའ་སྡེ་པ་དང༌། རྣམ་ཐར་པ་དང༌། རྫོགས་ལྡན་པ་རྣམས་ཀྱིས་བསྟོད་དོ། །བྱམས་མ་ཆེན་མོ་རྩ་བའི་འབུམ་ལས། དགེ་རྒྱས་ཚོགས་ཆེན་རྫོགས་པའི་འབུམ་གྱི་ངོས་ནས་བསྟོད་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།

(སྤྱིའི་གཟིགས་གྲངས། 671 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྨེའུ་མཁས་…
error: རྩོམ་འདི་བདག་དབང་ཅན་ཡིན།