ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བྱམས་མ་ཆེན་མོ་རྩ་བའི་འབུམ།

   དེ་ནས་མེད་པའི་ཁམས་ལ་དོན་དགུ་བསྟན་པ་ནི། དང་པོ་ཚིག་ནི་ཀུན་གྱི་ཡུམ་གཅིག་མའོ། །དོན་ནི་མཚན་མ་དངོས་པོ་འབྱུང་བ་མེད་པའོ། །ཁམས་ནི་ཅི་ཡང་མེད་པའི་ཁམས་སོ།། སྐུ་ནི་རྫོགས་པའི་སྐུར་རྟོགས་པའི་ཡེ་ཤེས་བསྟན་པའོ། །རྒྱུ་གཉིས་ནི་གནས་འགྱུར་གྱི་རྒྱུ་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །ངོ་བོའི་རྒྱུ་ནི་བསོད་ནམས་དང་ཡེ་ཤེས་ཡ་མ་བྲལ་བའོ། །མཐའ་ནི་མེད་པར་བསྟན་པས་སྟོང་པའི་མཐའ་ཡོད་དམ་ཞེ་ན། ཀུན་གྱི་ཡུམ་གཅིག་མ་ཞེས་བྱ་བས། ཀུན་སྟོང་པ་དང༌། སྙིང་རྗེའི་མ་ཡུམ་གཅིག་རོ་མཉམ་པས། སྟོང་པའི་མཐའ་དང་བྲལ་བའོ། །འབྲས་བུ་ནི་བསྒོམ་པས་རྫོགས་སྐུ་རྟོགས་པའི་ཡེ་ཤེས་བོན་གྱི་སྐུ་ཐོབ་པར་སྟོན་པའོ། །འབྲེལ་བ་ལ་གཉིས་ཏེ། ཚིག་ནི་གོང་དུ་ཡོད་ཁམས་སུ་བསྟན། དོན་གྱི་འབྲེལ་བ་ཅི་ལྟ་བ་དང༌། ཅི་སྙེད་མཁྱེན་པའི་ཡེ་ཤེས་ཡིན་པས། ཡུལ་ཤེས་གཉིས་ལ་ལྟོས་པས། ཕར་བབ་ཚུར་ཧྲིལ་༼འདྲིལ་༽བདག་ཉིད་གཅིག་པའོ། །དེ་ནས་མེད་ཁམས་ལེའུ་བཅུ་པ་ནི། བྱར་མེད་བླ་མེད་གཡོ་བ་མེད་པ་དང༌། ཟག་མེད་ཀུན་མཁྱེན་སྟོང་པ་དང༌། རྟོག་མེད་དེ་བཞིན་གསལ་བ་དང༌། གསལ་ལ་རང་བཞིན་མེད་པའི་ལེའུར་བཤད་པའོ། །བྱམས་མ་ཆེན་མོ་རྩ་བའི་འབུམ་ལས། མེད་ཁམས་ཀུན་གྱི་ཡུམ་གཅིག་མ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།

  དེ་ནས་སོ་སོའི་ཁམས་ལ་དོན་དགུས་བསྟན་པ་ནི། དང་པོ་ཚིག་ནི། སྐྱེ་མེད་དབྱིངས་ནས་ སོ། །དོན་ནི་བོན་ཐམས་ཅད་བཀག་སྒྲུབ་མེད་པའོ། ཁམས་ནི་སོ་སོར་གསལ་བའི་ཁམས་སོ། །སྐུ་ནི་སྤྲུལ་པའི་སྐུ་ཡི་ལམ་འབྲས་ཁོ་ན་སྟོན་པའོ། །རྒྱུ་གཉིས་ལས། གནས་འགྱུར་གྱི་རྒྱུ་ནི། སྒོ་ལྔའི་དབང་པོ་རྣམ་པར་དག་པའོ། །ངོ་བོའི་རྒྱུ་ནི་བསོད་ནམས་ཀྱི་ཚོགས་སོ། །འབྲས་བུ་ནི་སྤྱོད་པ་རྣམ་པར་དག་པའི་འབྲས་བུའོ། །མཐའ་ནི་སོ་སོར་བསྟན་པས་སྤྲོས་པ་ཐ་དད་ཀྱི་མཐའ་ཡོད་དམ་ཞེ་ན། སྐྱེ་མེད་དབྱིངས་ནས་ཅེས་པས་སྤྲོས་པའི་མཐའ་དང་བྲལ་བར་སྟོན་པའོ། ། འབྲེལ་བ་གཉིས་ལས། ཚིག་གི་འབྲེེལ་བ་ནི། སྐྱེ་མེད་དབྱིངས་ནས་གསལ་བའི་འོད་ཕྱུང་ཞིང་ཞེས་པ་སོ་སོ་དང༌། རིག་པའི་ཁམས་གཉིས་ཚིག་གཅིག་གིས་བསྡུས་པའོ། །དོན་གྱི་འབྲེལ་པ་ནི། ཁམས་དེ་གཉིས་ཀ་སྤྲུལ་པའི་སྐུ་ཤས་ཆེར་སྟོན་པའོ། །དེ་ནས་སོ་སོའི་ཁམས་ཀྱི་ལེའུ་དོན་ལ་གསུམ་སྟེ། སྐྱེ་མེད་དུ་གནས་ཀྱང༌། དེའི་འགལ་ཟླ་དང༌། སོ་སོར་དབྱེ་བའི་ལེའུ་བཞིའམ་བརྒྱད་ནི། འཁོར་འདས་དང༌། དགེ་སྡིག་དང༌། དུག་དང་ཡེ་ཤེས་དང༌། བསྲུང་ཉམས་སོ་སོར་བསྟན་པའོ། །དབྱིངས་སུ་གནས་པའི་ལེའུ་གཅིག་སྟེ། དགེ་བའི་འབྲས་བུ་བསྔོ་བའོ།  །བྱམས་མ་ཆེན་མོ་རྩ་བའི་འབུམ་ལས། སོ་སོའི་ཁམས་སྐྱེ་མེད་དབྱིངས་སུ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།

(སྤྱིའི་གཟིགས་གྲངས། 669 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྨེའུ་མཁས་…
error: རྩོམ་འདི་བདག་དབང་ཅན་ཡིན།