ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བྱམས་མ་ཆེན་མོ་རྩ་བའི་འབུམ།

   དེ་ནས་སྟོན་པ་གཤེན་རབ་ཀྱི་ཡེ་གཤེན་ཆེན་པོ་རྩལ་སྟོབས་སེང་གེའི་ཤུགས་ཅན་ལ་བཀའ་སྩལ་པ། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཡུམ། བདེ་བར་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས། བྱམས་མ་ཆེན་མོ་འདི་ནི་ཡེ་གཤེན་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་དང༌། གཡུང་དྲུང་སེམས་དཔའ་རྣམས་དང༌། ཡེ་ཤེས་སེམས་དཔའ་རྣམས་དང༌། སེམས་དཔའ་ཆེན་པོ་རྣམས་དང༌། སེམས་དཔའ་ཆེན་པོ་རྣམས་ཀྱི་སྣང་བར་ཡེེ་ཤེས་ཀྱི་ལྷ་མོར་བསྟན་ནས། གཡུང་དྲུང་ས་བཅུ་ལམ་འབུམ་གཏན་ལ་ཕབ་པས་སྒོམ་པ་རྣམ་པར་དག་པས་ཐམས་ཅད་གཡུང་དྲུང་གི་ས་ལ་བཀོད་པའོ། །གཡུང་དྲུང་གི་ལམ་འབུམ་ཆེན་པོ་དེ་ཡང༌། ཚིག་བཞི་ཚིགས་སུ་བཅད་པ་གཅིག་ཏུ་བསྡུས་ནས་བཤད་པ་ནི། ཚོགས་ལམ་བཞི་གསུམ་བཅུ་གཉིས་ལ། སྦྱོར་ལམ་རིགས་བཞི་ཉི་ཤུ་ལྔ། མཐོང་ལམ་བརྒྱ་ཕྲག་བཅུ་དྲུག་གསལ། སྒོམ་ལམ་གཡུང་དྲུང་ས་༼བྱང་ཆུབ་ཀྱི་བོན་སུམ་ཅུ་རྩ་བདུན།༽བཅུ་ཐོབ། ཞེས་པས། ཡོངས་སུ་འདུས་པར་སྟོན་པའི་ཚིག་དེ་དབྱེ་ནས་བཤད་དེ། གང་ཞིག་ཐོས་བསམ་རྣམ་པར་དག་པའི་སྐྱེས་བུ་དེ། འདོད་པའི་ཁམས་སུ་གནས་ཀྱང༌། སེམས་རྩེ་གཅིག་པའི་གང་ཟག་དང༌། གཟུགས་ཁམས་ས་དྲུག གཟུགས་མེད་ས་བཞི་ལ། ཚོགས་ལམ་བཞི་གསུམ་བཅུ་གཉིས་སྐྱེ་སྟེ། ཆུང་བ་དྲན་པ་ཉེ་བར་བཞག་པ་བཞི་ནི། ལུས་དང༌། ཚོར་བ་དང༌།  སེམས་དང༌།  བོན་དྲན་པ་ཉེ་བར་བཞག་པའོ། །འབྲིང་དུ་ཡང་དག་སྤོང་པ་བཞི་སྟེ། ལུས་དང༌། ངག་དང༌། ཡིད་དང༌། བོན་གྱི་མི་དགེ་བའི་ཕྱོགས་བཅུ་ཡང་དག་པར་སྤོང་བའོ། །ཆེན་པོ་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། འདུན་པ་དང་རྩོལ་བ་དང༌། སེམས་དཔའ་དང༌། སྤྱོད་པའི་ཏིང་ངེ་འཛིན་གྱི་འཁྲུལ་པ་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བཞིའོ། །དེ་དག་ཚོགས་ཀྱི་ལམ་སྒོ་ཆེན་པའོ། །ད་ནི་སྦྱོར་བའི་ལམ་ལ་འཇུག་པ། སྦྱོར་ལམ་གྱི་ཡེ་ཤེས་རིགས་བཞི་ནི། ཡེ་ཤེས་མངོན་དུ་གྱུར་པས། ལྷ་མོ་ཡང་མངོན་པར་དོན་བྱེད་དོ། བསམ་གཏན་གནས་རིགས་བཞི་རུ་སྐུ་བསྟན་ནས། གཡུང་དྲུང་སེམས་དཔའ་ལམ་གྱི་རྟོགས་པའི་ཡེ་ཤེས་བསྐྱེད་པ་ཡིན་པས། དྲོད་རྙེད་སེམས་ལ་འབྲས་བུ་ཐོབ་པའི་དུས་སུ། དབང་པོ་དྲུག་བསྐྱེད་ནས། སྐྱོན་རྣམས་གཞི་ནས་བཅོམ་པར་འགྱུར་རོ། །དྲུག་གང་ཞེ་ན། དད་པ་དང༌། དམ་ཚིག་དང༌། བརྩོན་འགྲུས་དང༌། ཏིང་ངེ་འཛིན་དང༌། བཟོད་པ་དང་ཤེས་རབ་ཀྱི་དབང་པོ་བྱུང་ནས། ཀུན་ལས་དབང་བསྒྱུར་བར་བྱེད་དོ། །དེའི་ཚེ་ཡུམ་ཆེན་མོ་ལྷ་མོ་མངོན་དུ་གྱུར་ནས། དག་པ་ཁྲུས་ཀྱི་ཆུས་རང་གི་ཕྱི་ནང་ཐམས་ཅད་དག་པར་མཐོང་བས་ན། སྐྱོན་རྣམས་གཞི་བཅོམ་དག་པ་ཁྲུས་ཀྱི་ཆུ་ཞེས་བྱའོ། །དེ་ནས་རྩེར་ཆིབས་པས་གཉིས་མེད་དོན་དང་ལྡན་པའི་དུས་སུ། རྩེ་མོའི་ཏིང་ངེ་འཛིན་ལྔ་སྐྱེ་ནས། གཉིས་མེད་དོན་ལ་དབང་བསྒྱུར་བར་འགྱུར་རོ། །ལྔ་གང་ཞེ་ན། ངོ་བོ་ཉིད་ཀྱི་ཡོན་ཏན་ཐམས་ཅད་རྫོགས་པ་ལ་སེམས་རྩེ་གཅིག་པ་དང༌། འོད་དང་ཡིག་འབྲུ་དང༌། ལྷ་དང༌། སྐུ་ལ་སེམས་རྩེ་གཅིག་པ་དང༌། བྱམས་པ་དང་སྙིང་རྗེ་ལ་སེམས་རྩེ་གཅིག་པ་དང༌། དེ་ཁོ་ན་ཉིད་དུ་རྟོགས་པ་ལ་སེམས་རྩེ་གཅིག་པ་དང༌། སྤྲོས་བྲལ་ངོ་བོ་ཅིར་ཡང་མ་གྲུབ་པ་ལ་སེམས་རྩེ་གཅིག་པ་དང་ལྔ་སྐྱེས་ནས་རྩེ་མོ་ཐོབ་པར་འགྱུར་རོ། །དེའི་ཚེ་ཡུམ་ཆེན་མོ་ཕྱག་རྒྱ་མ་མངོན་དུ་གྱུར་ནས། སྐུ་དང་ཕྱག་རྒྱའི་ཐབས་སྣ་ཚོགས་སུ་བསྟན་ནས་གཉིས་མེད་དོན་ལ་བསྒྱུར་ཞིང་སྤྲོད་པར་མཐོང་བས་ན། ཕྱག་རྒྱ་གར་ཐབ་གཉིས་མེད་དོན་ལ་སྒྱུར་ཞེས་བྱའོ། །དེ་ནས་བཟོད་པ་ཆེན་པོ་ཐོབ་དུས་སུ། ཤེས་རབ་ཀྱི་ལམ་བཞི་ཐོབ་ནས། སྣང་བའི་ཡུལ་ལ་འདས་པར་འགྱུར་རོ། །བཞི་གང་ཞེ་ན། གཤེན་ལམ་དཀར་པོ་དང༌། རིང་པོ་དང༌། དྲང་པོ་དང༌། དབུ་མ་མཐར་ཕྱིན་པའི་ལམ་བཞི་ཐོབ་ནས་ནག་པོ་བདུད་ཀྱི་ལས་དང༌། ཉེས་པར་རང་ཞི་བ་དང༌། འཁྲུལ་བཅས་གཡོ་རྩོལ་རྣམས་དང༌། ལམ་འོག་མ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །དེའི་དུས་སུ་ཡུམ་ཆེན་སྒྲ་སྙན་ཤོལ་མོ་མངོན་དུ་གྱུར་ནས། འདི་ལྟར་སྣང་བའི་ཡུལ་ཐམས་ཅད། དངོས་མེད་སྒྲ་བརྙན་ལྟ་བུ་རྟོགས་པས་ན། དངོས་མེད་སྒྲ་བརྙན་སྣང་བའི་ཡུལ་ལས་འདས་ཞེས་བྱའོ། །དེ་ནས་འཇིག་རྟེན་པ་ཐམས་ཅད་ལས་མཆོག་ཏུ་གྱུར་པ། བོན་མཆོག་གི་ཡེ་ཤེས་ཐོབ་པའི་དུས་སུ། མི་འཇིགས་པའི་སྟོབས་བཅུ་རྙེད་ནས། འཁོར་བ་རྒྱུན་མེད་བོན་ཉིད་དབྱིངས་སུ་ཐིམ་པར་བྱེད་དོ། །བཅུ་གང་ཞེ་ན། ཡེ་ཤེས་དང༌། ཞི་བ་དང༌། སྦྱིན་པ་དང༌། ཡངས་པ་དང༌།

(སྤྱིའི་གཟིགས་གྲངས། 671 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྨེའུ་མཁས་…
error: རྩོམ་འདི་བདག་དབང་ཅན་ཡིན།