ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བྱམས་མ་ཆེན་མོ་རྩ་བའི་འབུམ།

    དེ་ནས་སྟོན་པས་ཡང་གསུངས་པ། རྒྱུན་ཁམས་དོན་དགུས་བསྟན་པ་ནི། ཚིག་ནི་ནམ་མཁའི་རང་བཞིན་ཅན་ནོ། །དོན་ནི་བོན་ཐམས་ཅད་འགག་པ་མེད་པའོ། །ཁམས་ནི་རིན་ཆེན་རྒྱུན་གྱི་ཁམས་སོ། །སྐུ་ནི་བོན་སྐུའི་བདག་རྐྱེན་སྟོན་པའོ། །རྒྱུ་དང་འབྲས་བུ་ནི་གོང་དང་མཚུངས་སོ། །མཐའ་ནི་རྒྱུན་དུ་གནས་པས་འགག་པའི་མཐའ་ཡོད་དམ་ཞེ་ན། ནམ་མཁའི་རང་བཞིན་ཅན་ཞེས་པས་འགག་པའི་མཐའ་དང་བྲལ་བར་སྟོན་ཏེ། ནམ་མཁའ་རིན་པོ་ཆེ་ལ་འགག་པ་མེད་པའི་ཕྱིར། སྲིད་པ་རིན་པོ་ཆེ་ལས་སོགས་ཐམས་ཅད་ལ་འགག་པ་མེད་དེ། ནམ་མཁའི་རང་བཞིན་ཅན་ཞེས་བྱ་བར་སྟོན་པའོ། །འབྲེལ་བའི་ཚིག་ནི་གོང་དུ་བསྟན། དོན་ནི་སྲིད་ཁམས་རྒྱུན་ཁམས་གཉིས་དོན་དང་གཏན་ཚིགས་སུ་ཡོད་དེ། སྲིད་ཁམས་ནས་དོན་སྐྱེ་བ་མེད་པ་སྟོན་པ་ལ། རྒྱུན་ཁམས་ནས་གཏན་ཚིགས་སྣང་བ་རིན་པོ་ཆེ་ལས་སོགས་སྟོན་པའོ། །དེ་ནས་རྒྱུན་ཁམས་ཀྱི་ལེའུའི་དོན་ནི། ཕྱོགས་གཅིག་པར་ནམ་མཁའི་རང་བཞིན་ཅན་ཁོ་ན་སྟོན་ཏེ། སྲིད་པ་དང༌། བསྐལ་པ་དང༌། སྣང་བ་དང༌། སྟོང་པ་དང༌། སོ་སོ་དང༌། རིག་པ་དང༌། དབྱིངས་དང༌། མཉམ་པ་རིན་པོ་ཆེ་བསྟན་པའི་ལེའུའོ། །ཁམས་བརྒྱད་པོ་དེ་མཐའ་བརྒྱད་དང་བྲལ་བ་ནི་རིམ་པ་བཞིན། སྐྱེ་བ་དང༌། འགག་པ་དང༌། སྣང་བ་དང༌། སྟོང་པ་དང༌། སྤྲོས་པ་དང༌། བསྡུས་པ་དང༌། རྟག་པ་དང༌། ཆད་པའི་མཐའ་བརྒྱད་དང་བྲལ་བའོ། །བྱམས་མ་ཆེན་མོ་རྩ་བའི་འབུམ་ལས། རྒྱུན་གྱི་ཁམས་ནམ་མཁའི་རང་བཞིན་ཅན་དུ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།

   དེ་ནས་ཡོད་པའི་ཁམས་ལ་དོན་དགུས་བསྟན་པའི་ཚིག་ནི། ཤེས་རབ་གསལ་བའོ། །དོན་ནི་སྟོང་པའི་མཐར་མི་ལྟུང་བའོ། །ཁམས་ནི་ཡོད་པའི་ཁམས་སོ། །སྐུ་ནི་རྫོགས་པའི་སྐུའོ།། རྫོགས་སྐུ་བོན་དུ་འཆད་པ་ལ། སྣང་བ་ཚུལ་ཁྲིམས་ལ་སོགས་པ། སྤྱོད་པའི་བོན་མི་རིགས་སེམས་ན། གཟུགས་སྐུ་ནི་རྒྱུ་བསོད་ནམས་ཚོགས་ལས་འབྱུང་བའོ། །འབྲས་བུ་ནི་སྒོམ་པ་རྣམ་པར་དག་པ་སྟེ། རྫོགས་སྐུ་ནི་ཏིང་འཛིན་ཁོ་ན་ལ་ལོངས་སྤྱོད་པ་སྟེ། མཐའ་ནི་ཡོད་པར་བསྟན་པའི་སྣང་བའི་མཐའ་ཡོད་དམ་ཞེ་ན། ཤེས་རབ་གསལ་བ་ཞེས་པ་སྣང་བའི་མཐའ་དང་བྲལ་བ་སྟེ། ཅི་སྙེད་མཁྱེན་པ་ལ་ཡོད་པར་གདགས་སོ། །འབྲེལ་བ་གཉིས་ལས་ཚིག་གི་འབྲེལ་བ་ནི། ཤེས་རབ་གསལ་བ་ཀུན་གྱི་ཡུམ་གཅིག་མ་ཞེས་ཡོད་པའི་ཁམས་དང༌། མེད་ཁམས་གཉིས་ཚིག་གཅིག་གིས་བསྡུས་པའོ། །དོན་གྱི་འབྲེལ་པ་ནི། ཚིག་དེ་གཉིས་ཀ་རྫོགས་པའི་སྐུ་ཤས་ཆེར་བསྟན་པའོ། །དེ་ནས་ཡོད་ཁམས་ཀྱི་ལེའུའི་དོན་ནི་གསུམ་སྟེ། ཤེས་པ་ཁོ་ནའི་ལེའུ་གཉིས་ནི། མྱ་ངན་ལས་འདས་པ་དང༌། མི་དམིགས་པ་ལ་མི་འགྱུར་བའོ། །ཤེས་རབ་ཀྱི་ལེའུ་བཅུ་ནི་སྦྱིན་པ་ནས་ཤེས་རབ་བར་ཡོད་པ་ནི་ལྡན་པ་བཅུའོ། །གསལ་བ་ཁོ་ན་བསྟན་པའི་ལེའུ་གཉིས་ནི། སེམས་ཉིད་རྣམ་དག་དང་དོན་དྲུག་འབྲེལ་བ་རྣམ་དག་གོ། བྱམས་མ་ཆེན་མོ་རྩ་བའི་འབུམ་ལས། ཡོད་ཁམས་ཤེས་རབ་གསལ་བ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།

(སྤྱིའི་གཟིགས་གྲངས། 671 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྨེའུ་མཁས་…
error: རྩོམ་འདི་བདག་དབང་ཅན་ཡིན།