ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བྱམས་མ་ཆེན་མོ་རྩ་བའི་འབུམ།

   དེ་ནས་དྲང་སྲོང་རྒྱལ་བ་ལས་སོགས་གཤེན་གྱི་དྲང་སྲོང་རྣམས་དང༌། མཚན་ཉིད་སྡེ་ལྔ་པ་དང༌། འགོག་པ་སྙོམས་འཇུག་པ་རྣམས་དང༌། དཀའ་ཐུབ་དགྲ་བཅོམ་པ་རྣམས་ཀྱིས། རྣམ་དག་ཚུལ་ཁྲིམས་འདུལ་བའི་འབུམ་གྱི་སྒོ་ནས་བསྟོད་པ། ཨཱོྃ་རྣམ་དག་ཚུལ་ཁྲིམས་འདུལ་བའི་ཡུམ། རྒྱལ་བའི་རབ་བསྔགས་གཞན་འཚེ་མིན། དགེ་སྦྱོང་གཏན་ཁྲིམས་དམ་པར་བསྲུང༌། གཙང་མ་བཟོད་ལྡན་དཀའ་ཐུབ་ཆེ། དམ་པ་རྒྱལ་གཤེན་མྱང་འདས་མཆོག མཆོག་ལས་མངའ་མཛད་ལྷ་མོ་ཡུམ། རྗེ་བཙུན་ནམ་མཁའི་མཛོད་འཛིན་མ། འཁོར་ལོ་རིགས་ཀྱིས་དབང་ཕྱུག་མ། ཚེ་རབས་དག་པའི་སྨོན་ལམ་གྱིས། བྱམས་མ་ཆེན་མོ་ཁྱོད་ཉིད་ནི། གཡུ་ག་ལྗང་གིས་མདོག་ལྡན་མ། ཞལ་གཅིག་འཛུམ་བརྗིད་མཛེས་སྡུག་མ། ཕྱག་བཞི་སྤུ་གྲི་ཧོས་རུ་གཡས། གཞི་སྐུར་ཁྲུས་བུམ་གཡོན་ན་འཛིན། དག་པའི་རྒྱན་གྱིས་བརྒྱན་པ་མོ། དགེ་མཛད་ཞི་མཛད་དཔལ་འབྱོར་མགོན། མཚན་དང་དཔེ་བྱད་འབར་བ་ཡིི། དཔལ་ལྡན་རྒྱལ་མོ་རི་རབ་རྩེར། དག་པ་དྲང་སྲོང་མགོན་སྐྱབས་དོན། ཡིད་ཀྱི་ཅང་ཤེས་གདན་ལ་འགྱིང༌། འདུལ་ཁྲིམས་གཉན་གྱི་སྲུང་མར་མཆིས། དམ་ཚིག་བྱ་ར་ཁྱེད་ལ་འདུད། ཐམས་ཅད་སྒྱུ་མར་ཤེས་པ་ཡི། སྟོན་པ་རབ་ཏུ་བྱུང་དུས་སུ། དག་པ་པད་མའི་ལྷ་མོའི། པད་མའི་གོས་དྲུག་སྦྱར་བྱས་ནས། བདེ་ལྡན་པད་མའི་ཞིང་བཀོད་དེ། རྣམ་དག་པད་མའི་ལམ་འདྲེན་ཅིང༌། གཡུང་དྲུང་ཡོད་པར་སྨྲ་བའི་རྒྱུད། སྦྱོར་བའི་ལྷ་མོ་ལ་ཕྱག་འཚལ། དགའ་ལྡན་ལྷའི་ཕོ་བྲང་ན། ལྷ་རྣམས་འདུལ་བར་མཛད་པའི་ཚེ། ལྷ་གནས་རི་རབ་ས་གཞི་ལ། བདུད་རྩི་བུམ་པའི་ལྷ་མོ་ཉིད། འཁྲུངས་ནས་བཅུད་འདྲེན་གསེར་དུ་སྒྱུར། གཡུང་དྲུང་བརྟན་པ་ལྷའི་རྒྱུད། བསྟན་མཛད་ལྷ་མོ་ལ་ཕྱག་འཚལ། གཡུང་དྲུང་ཁྱིམ་བདུན་གནས་མཆོག་ནས། མི་རྣམས་འདུལ་བ་ལ་གཤེགས་ནས། མུ་མེད་ཀློང་ཡངས་རྒྱ་མཚོ་རུ། འདུལ་བ་ཉ་མོ་ཆུ་འཛིན་ལྟར། བོན་དང་བོན་པོ་འབྲལ་མེད་པར། སྟོན་མཛད་ལྷ་མོ་ཉ་ཅན་མས། སེམས་ཅན་སངས་རྒྱས་ས་ལ་བཀོད། གཡུང་དྲུང་རྨད་དུ་བྱུང་བའི་རྒྱུད། བསྣམས་མཛད་ལྷ་མོ་ལ་ཕྱག་འཚལ། ཟད་མཚམས་མེ་ཏོག་གླིང་མཆོག་ནས། དཀའ་ཐུབ་ཆེན་པོའི་སྐུར་བཞུགས་དུས། བདུད་རྗེ་ཁྱབ་པ་ལས་སོགས་པ། ནག་པོ་བདུད་ཁམས་ཕྱེད་བཅས་སྡེ། རྒྱལ་བས་རྒྱལ་ཁམས་དབང་བསྡུས་ནས། རྒྱལ་མཚན་ལྷ་མོ་རྒྱལ་བྱེད་མ། རྒྱལ་བའི་སྒྲ་སྒྲོགས་རྒྱལ་མཚན་བཙུགས། གཡུང་དྲུང་ཕལ་ཆེར་འདུལ་བའི་རྒྱུད། རྒྱལ་བྱེད་ལྷ་མོ་ལ་ཕྱག་འཚལ། ཁྲི་སྨོན་རྒྱལ་བཞད་དཔལ་གྱི་གནས། དམ་པའི་འཁོར་རྣམས་ཀུན་བསྡུས་ནས། ཤས་ཆེ་དད་པ་ལྡན་པ་ལ། ཤེས་རབ་དྲི་མ་མེད་པའི་བོན། བསྟན་པའི་ཚེ་ན་དུང་ཅན་མས། སྙན་པ་ནམ་མཁའི་མཐའ་མཉམ་བསྒྲགས། གཡུང་དྲུང་ཁྲི་སྨོན་རྒྱལ་བའི་རྒྱུད། དར་མཛད་ལྷ་མོ་ཁྱེད་ལ་འདུད། དག་པའི་ཁོང་མ་ནེ་ཆུང་དུ། སྐལ་ལྡན་སྦྱོར་བའི་སྡེ་རྣམས་ལ། གོ་བདེར་འདུས་པའི་ཡང་སྙིང་དོན། ཟླ་བ་ཚེས་བཞིན་བསྐྱེད་བྱས་པས། དམན་པ་རྣམས་ཀྱང་མཆོག་ཐོབ་ནས། ཡེ་ཤེས་ཁོང་ནས་ཤར་བའི་ཚེ། དཔལ་དབྱེ་ལྷ་མོས་ཞལ་བསྟན་ནས། མཚན་མ་མེད་པའི་དོན་རྟོགས་པས། གཡུང་དྲུང་ཁོང་མ་དག་པའི་རྒྱུད། གསལ་མཛད་འཕགས་མ་ཁྱོད་ལ་འདུད། བརྗིད་ལྡན་སེང་གེའི་ཁྲི་སྟེང་ན། རྣམ་བཞིའི་འཁོར་རྣམས་ཀུན་བསྡུས་ནས། ཤེས་རབ་རྩལ་ལྡན་སྐྱེས་མཆོག་ནི། བློ་གྲོས་དབང་པོ་ཐམས་ཅད་ལ། མངོན་བཞིའི་འཁོར་ལོ་རབ་བསྐོར་ནས། དབྱིངས་ནས་བཀྲ་ཤིས་ལྷ་མོ་ཡིས། རྩིབས་སྟོང་རྩིབས་ལ་བསྒྱུར་རྒྱལ་སྟོང༌། བསྐྱོན་བྱས་བཀའི་འཁོར་ལོ་ནི། ཡོངས་སུ་བསྐོར་བར་བསྐུལ་བྱས་ནས། བཀོད་པ་ཆེན་པོ་བསམ་ཡས་ཤིང༌། འདུལ་བའི་འབུམ་སྡེ་རྣམ་དག་ལ། མངའ་མཛད་བྱམས་མ་ཁྱོད་ལ་འདུད། སེམས་ཅན་སྣང་བ་ཅི་བཞིན་དུ། ལྷ་མོའི་སྐུ་དང་ཐེག་པ་རྣམས། ངོ་བོ་ཉིད་ལ་མི་གཡོ་ཡང༌། སྒྲོལ་མཛད་བྱམས་མ་དུ་མར་འགྱུར། ཤེས་རབ་སྣང་བ་རྒྱས་པ་ལ། སྡེ་ལྔའི་མཚན་ཉིད་བློ་གྲོས་གསལ། གཞན་ཡང་སྦྱངས་པའི་འཕྲོ་ཅན་རྣམས། འགོག་པ་ཆེན་པོ་མངོན་དུ་གྱུར། ཤིན་ཏུ་སྲ་མཁྲེགས་ཐོབ་པ་ཅན། དཀའ་ཐུབ་ཆེན་པོ་ཡང་དག་སྦྱོར། ཐར་ལམ་ཡང་དག་དོན་གཉེར་བ། དགྲ་བཅོམ་འབྲས་བུ་སྟེར་བར་བྱེད། དེ་བཞིན་ལྷ་མོ་ཀུན་བསྟོད་ཅིང༌། གདུགས་ཅན་མ་ལ་ཕྱག་འཚལ་ལོ། །ཡིད་བཞིན་ནོར་བུ་དཔག་བསམ་ལྟར། གང་འདོད་རེ་བ་སྐོང་མཛད་ཅིང༌། བྱམས་མ་སྙོམས་མ་སྐྱོབས་མཛད་མ། དཔལ་ལྡན་བཀྲ་ཤིས་ལྷ་མོ་ལ། བསྟོད་པའི་ཡོན་ཏན་བརྗོད་མི་ལང༌། འགྲོ་དྲུག་གནས་ནས་སྒྲོལ་བར་འགྱུར། དེ་སྐད་ཅེས་དྲང་སྲོང་རྣམས་ཀྱིས་བསྟོད་དོ། །བྱམས་མ་ཆེན་མོ་རྩ་བའི་འབུམ་ལས། རྣམ་དག་འདུལ་བའི་འབུམ་གྱི་སྒོ་ནས་བསྟོད་པའི་ལེའུ་སྟེ་བཅུ་བདུན་པའོ།། །།

(སྤྱིའི་གཟིགས་གྲངས། 671 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྨེའུ་མཁས་…
error: རྩོམ་འདི་བདག་དབང་ཅན་ཡིན།