ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས།

མུ་ཡེ་ཤེ་ཏྲ་༼ཏྲམ་༽༼ཤེ་ཙུན་༽བིང་ང་ནི། །བསྒྲུབས་པའི་༼བླ་མེད་༽འབྲས་བུ་བཞི་བསྟན་པ། །ཇི་ལྟར་རྒྱུ་མཐུན་འབྲས་བུ་དང་། །ཐོབ་པ་དབང་གི་འབྲས་བུ་དང་། །རྣམ་པར་སྨིན་པའི་འབྲས་བུ་དང་། །བླ་ན་མེད་པའི་འབྲས་བུ་བཞིའོ། །རི་མུ་ཏ་ཏུན་གུ་དུན་ནི། །རྒྱུ་མཐུན་འབྲས་བུ་དགུ་བསྟན་པ། །གང་དང་གང་དུ་རྒྱུ་མཐུན་པས། །དེ་བཞིན་འབྲས་བུ་གྱུར་པ་དང་། །དེ་རྒྱུ་དེ་དང་མཐུན་པ་ལས། །རྐྱེན་ནི་འབྲས་བུར་གྱུར་པ་དང་། །རྒྱུ་རྐྱེན་འཛོམས་འབྲེལ་ངོ་བོ་ཉིད། །འབྱུང་བའི་དུས་བསྟན་འབྲས་བུར་དང་། །འབྱུང་བ་དམིགས་པའི་ཡུལ་དག་ལ། །གཅོད་པའི་རྒྱུ་མཐུན་འབྲས་བུ་དང་། །བདེ་སྡུག་གཉིས་ཀྱིས་ཁྱད་པར་ལས། །རེག་ཚོར་རྒྱུ་མཐུན་འབྲས་བུ་དང་། །རང་ལུས་བསམ་པ་ཇི་བཞིན་བར། །དེ་བཞིན་རྒྱུ་མཐུན་འབྲས་བུ་དང་། །དེ་ལ་བསོད་ནམས་ཅི་ཡོད་པའི། །རྒྱུ་མཐུན་འབྲས་བུ་བསྟན་པ་དང་། །བྱེད་པ་པོ་ནི་རྒྱུར་ལྟ་བའི། །རྒྱུ་མཐུན་འབྲས་བུ་བསྟན་པ་དང་། །རང་གི་རང་བཞིན་རྒྱུར་ལྟ་བའི། །རྒྱུ་མཐུན་འབྲས་བུ་བསྟན་པ་དང་། །དུས་ལ་རྒྱུ་རུ་ལྟ་བ་ཡི། །རྒྱུ་མཐུན་འབྲས་བུ་བསྟན་པའོ། །པི་མུ་སྤང་ཟུར་གུ་དུན་ནི། །དབང་གི་འབྲས་བུ་དགུ་བསྟན་པ། །ལས་ཀྱི་དབང་གྱུར་འབྲས་བུ་དང་། །དུས་ཀྱི་དབང་གྱུར་འབྲས་བུ་དང་། །བག་ཆགས་དབང་གྱུར་འབྲས་བུ་དང་། །ཉོན་མོངས་དབང་གྱུར་འབྲས་བུ་དང་། །ཐུགས་རྗེའི་དབང་གྱུར་འབྲས་བུ་དང་། །བསླུ་བའི་དབང་གྱུར་འབྲས་བུ་དང་། །དགོངས་པའི་དབང་གྱུར་འབྲས་བུ་དང་། །ཡེ་ཤེས་དབང་གྱུར་པའི་འབྲས་བུ་དང་། །མི་རྟག་༼བརྟན་༽དབང་གྱུར་འབྲས་བུ་དགུའོ། །ཐ་ཙིས་མུ་སྔུ་༼ང་བི་མུ་ཏུན་༽གུ་དུན་ནི། །རྣམ་སྨིན་འབྲས་བུ་དགུ་བསྟན་པ། །དགེ་བའི་ལས་རྣམས་སྤྱད་པ་ཡི། །རྣམ་པར་སྨིན་པའི་འབྲས་བུ་དང་། །སྡིག་པའི་ལས་རྣམས་སྤྱད་པ་ཡི། །རྣམ་པར་སྨིན་པའི་འབྲས་བུ་དང་། །ལུང་དུ་མ་བསྟན་ལས་རྣམས་ཀྱི། །རྣམ་པར་སྨིན་པའི་འབྲས་བུ་དང་། །སྔོན་ཚེ་གོང་མའི་འཕེན་ཤུགས་ཀྱི། །རྣམ་པར་སྨིན་པའི་འབྲས་བུ་དང་། །རྐྱེན་གྱིས་བར་དུ་བཅད་པ་ཡི། །རྣམ་པར་སྨིན་པའི་འབྲས་བུ་དང་། །ཡུན་གྱི་སྒྲིབ་པ་བསགས་པ་ཡི། །རྣམ་པར་སྨིན་པའི་འབྲས་བུ་དང་། །མཚན་མ་རྩེ་གཉིས་རྟོགས་པ་ཡི། །རྣམ་པར་སྨིན་པའི་འབྲས་བུ་དང་། །བག་ཆགས་ནུས་མཐུ་བརྟགས་༼བརྟས་༽པ་ཡི། །རྣམ་པར་སྨིན་པའི་འབྲས་བུ་དང་། །སྔོན་གྱི་སྨོན་ལམ་མཐའ་བརྩན་༼བཙན་༽པས། །རྣམ་པར་སྨིན་པའི་འབྲས་བུ་དགུའོ། །མུ་མིན་མ་ཡིན་༼མིན་༽གུ་དུན་ནི། །བླ་མེད་འབྲས་བུ་དགུ་བསྟན་པ། །སྦྱངས་པའི་འཕྲོ་ཅན་མངོན་གྱུར་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །མི་དམིགས་ཤེས་རབ་གསལ་རྟོགས་པས། །བླ་མེད་འབྲས་བུ་ཐོབ་པ་དང་། །འདས་པའི་ཐིག་ལེ་གཅིག་རྟོགས་དང་། །བླ་མེད་འབྲས་བུ་ཐོབ་པ་དང་། །མི་དམིགས་ངང་ལ་མཉམ་བཞག་པས། །བླ་མེད་འབྲས་བུ་ཐོབ་པ་དང་། །ངང་ལ་མི་གཡོ་དོན་གསལ་བས། །བླ་མེད་འབྲས་བུ་ཐོབ་པ་དང་། །མ་སྐྱེས་སྐྱེ་བ་མེད་རྟོགས་པས། །བླ་མེད་འབྲས་བུ་ཐོབ་པ་དང་། །གཡུང་དྲུང་ཏིང་འཛིན་གསལ་རྟོགས་པས། །བླ་མེད་འབྲས་བུ་ཐོབ་པ་དང་། །རང་རིག་ཡེ་ཤེས་ཉིད་རྟོགས་པས། །བླ་མེད་འབྲས་བུ་ཐོབ་པ་དང་། །ཡེ་ཉིད་བཅོས་སུ་མེད་རྟོགས་པས། །བླ་མེད་འབྲས་བུ་ཐོབ་པའོ། སྲིད་པའི་མཛོད་ཕུགས་ཀྱི་འབྲས་བུ་བསྟན་པའི་གནས་བཅུ་བདུན་པའོ།། །།

   ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་། བོད་ཤ་རི་དབུ་ཆེན་གཉིས་ཀྱིས། ཡུལ་བོད་དང་ཞང་ཞུང་གི་རུ་མཚམས། བྱེ་མ་ལ་གཡུང་དྲུང་ཆུ་མིག་བརྒྱ་བཅུ་༼བརྒྱད་ཅུ་༽རྩ་གཉིས་ཀྱི་འགོ་བོར། གཤེན་རབ་མི་བོའི་བཀའ་གཞུང་ལས། བོད་དང་ཞང་ཞུང་གི་ཚིག་གི་ཚོམ་པ་བསྡེབས་ནས། སྣང་སྲིད་གཏན་ལ་ཕབས་པ་རྫོགས་སོ།། །།སརྦ་མངྒ་ལམ། དགེའོ།།

 ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་གིས་ཞུ་བསྒྲིགས་བྱས།

(སྤྱིའི་གཟིགས་གྲངས། 797 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28 29 30 31 32 33 34 35 36 37 38 39 40

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐེག་པ་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།